༢༠༡༠ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དང་སྒྱུ་རྩལ་ (The Creative Journey:Artists in conversation with Dalai Lama on Spirituality and creativity) ཅེས་པའི་བརྗོད་གཞིའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆཌ་གྷི་རི་ (Richard Gere) དང་ (Pulitzer) གཟེངས་རྟགས་ཐོབ་མཁན་རྩོམ་པ་པོ་ཨེ་ལི་སི་ཝལ་ཀར་ (Alice Walker) གཉིས་ཀྱི་ལྷན་དུ་ཚོགས་འདུ་དབུ་འཛུགས་ཀྱི་ཐོག་མར་སྒྱུ་རྩལ་གྱི་ལམ་ནས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་དམིགས་བསལ་འགན་འཁྲིད་ཡོད་དམ་ཞེས་པའི་དྲི་བར་གོ་བསྡུར་མཛད་ཡོད་པ་མ་ཟད། སྒྱུ་རྩལ་བ་དང་ཆོས་ཀྱི་དབུ་ཁྲིད་ཚོས་ཕན་ཚུན་གོ་རྟོགས་སྤེལ་རེས་ཇི་འདྲ་དགོས་མིན་སྐོར་ལའང་བགྲོ་གླེང་གནང་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཚོགས་ཞུགས་པ་གཞན་རྣམས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་བྱམས་བརྩེ་གོང་སྤེལ་གཏོང་རྒྱུའི་འགན་ཆེན་པོ་ཡོད་པ་ངོས་བཞེས་མཛད་ཡོད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་མང་ཚོགས་ལ་མང་གཙོ་དང་མི་སྒེར་གྱི་རང་དབང་སྲུང་སྐྱོབ་ཆེད་སོ་སོའི་རྣམ་དཔྱོད་བེད་སྤྱོད་བྱེད་དགོས་པའི་ནན་སྐུལ་མཛད། འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུར་ཨ་རིར་འགན་ཁུར་ཇི་ཡོད་སྐོར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཆུང་དུས་ནས་མང་གཙོ་དང་རང་དབང་སྲུང་སྐྱོབ་བྱེད་མཁན་ཨ་རི་རྒྱལ་ཁབ་ལ་དགའ་མོས་ཆེན་པོ་ཡོད།
ཨ་རི་འདི་བཞིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་དུས་དཀའ་ངལ་གྱི་གནས་སྟངས་ཇི་འདྲ་ཞིག་གི་འོག་ཏུ་ཚུད་ཀྱང་ཨ་རིའི་མི་མང་རྣམས་སེམས་ཤུགས་ཆག་རྒྱུ་མེད། གལ་ཏེ་ཨ་རིའི་མི་མང་ཚོའི་བཟང་སྤྱོད་ཉམས་ཆག་ཤོར་ཚེ་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ། དེ་ནས་སྐུ་ཞབས་རི་ཆཌ་གྷི་རི་དང་ལྕམ་སྐུ་ཨེ་ལི་སི་ཝལ་ཀར་གཉིས་ཀྱིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་གི་མིག་དཔེ་ཡར་ལྟ་ཞུ་ས་དང་མི་རྣམས་ལ་བློ་སྤོབས་བསྐྲུན་མཁན་ཞིག་ཡིན་ཞེས་གསུངས་པ་དང། དེ་བཞིན་ཁོང་གཉིས་ཀྱིས་རྗེ་བཙུན་མི་ལའི་སྐུ་ཚེའི་ནང་དར་གུད་སྣ་ཚོགས་བྱུང་བ་ལས་ང་ཚོས་བསླབ་བྱ་ལེན་དགོས་སྐོར་ཡང་གསུངས་ཡོད། ཚོགས་འདུའི་མཇུག་བསྡོམས་སུ་ཨི་མོ་རི་གཙུག་ལག་སློབ་ཁང་གི་ཚོགས་གཞོན་དང་དྲུང་ཆེ་གཅིག་ལྕོགས་ལྕམ་སྐུ་རོ་སི་མེ་རི་(Dr.Rosemary Magee) ལགས་ཀྱིས་༉༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ང་ཚོའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཡིན་ཞེས་ཆེད་བསྟོད་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་དང་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།