༢༠༡༠ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མངའ་སྡེ་ཁལ་ལི་ཕོར་ནི་ཡའི་མཚོ་འགྲམ་ས་ཁུལ་ (10 Bay Area Counties) དུ་གནས་སྡོད་ཨེ་ཤི་ཡའི་མི་རིགས་ས་ཡ་ ༡་༤ ཙམ་ལ་རྒྱང་སྲིང་ཞུ་རྒྱུའི་བརྙན་འཕྲིན་བརྒྱུད་ལམ་ (KTSF) ཞེས་པའི་ཆེད་དོན་དྲི་བར་བཀའ་ལན་སྩལ་ཡོད། དེ་ཡང་བརྙན་འཕྲིན་དེའི། དོ་ནུབ་ཀྱི་གཏམ། ཞེས་པའི་ལས་དོན་གཙོ་སྐྱོང་བ་སྐུ་ཞབས་ཇ་རོན་ལིན་ (Jaron Lin) ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇིག་རྟེན་ཆགས་ཚུལ་དང་མ་འོངས་པའི་ཏཱ་ལའི་བླ་མ། དེ་བཞིན་བོད་ཀྱི་གནད་དོན་བཅས་ཀྱི་སྐོར་ཆེད་དོན་དྲི་བ་ཕུལ་བར་བཀའ་ལན་སྩལ་བ་མ་ཟད། བོད་རྒྱའི་འབྲེལ་ལམ་གྱི་གནས་སྟངས་སྐོར་དྲི་བ་ཕུལ་བར་༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་བོད་ནང་དཀའ་ངལ་ཡོད། དེར་བརྟེན་བོད་ནང་ཉེན་རྟོག་མི་སྣ་དང་དམག་དཔུང་ཕོན་ཆེ་འཇོག་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དམ་བསྒྲགས་དང་སྟངས་འཛིན་ཤུགས་ཆེན་པོ་བྱེད་དགོས་པ་དེ་ནི་མ་འགྲིག་པ་ཞིག་ཡོད་པའི་རྟགས་མཚན་ཡིན། དཀའ་ངལ་དེ་བོད་མི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀར་མི་དགོས་པ་ཞིག་རེད། ང་ཚོས་དཀའ་ངལ་དེ་སེལ་དགོས་པ་མ་ཟད། ཤིང་ཅང་གི་དཀའ་ངལ་དེ་ཡང་སེལ་དགོས།
ད་བར་རྒྱ་ནག་དཔོན་རིགས་མཁྲེགས་འཛིན་པ་ཚོས་དངོས་ཡོད་གནས་ཚུལ་ངོས་ལེན་བྱེད་རྒྱུར་དཀའ་ངལ་ཡོད། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ངོས་ལེན་མ་བྱས་པར་གཡོལ་ཐབས་དང་སྦས་བསྐུངས་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད། དེར་བརྟེན་ཁོང་ཚོས་དམ་བསྒྲགས་བྱེད་ཀྱི་ཡོད། གནས་སྟངས་དེ་ཡུན་རིང་ཁུངས་འཁྱོལ་མི་ཐུབ། སྐུ་ཞབས་ཏེང་ཞའོ་ཕིང་གིས་དངོས་ཡོད་གནས་ཚུལ་ལས་བདེན་པ་འཚོལ་དགོས་པ་གསུངས་ཡོད། དངོས་ཡོད་གནས་ཚུལ་དེ་གཞུང་གིས་མ་བཅོས་པ་ཞིག་དགོས། དེང་སང་ཆ་འཕྲིན་དུས་རབས་འདིར་གནས་ཚུལ་སྦས་བསྐུངས་བྱེད་མི་ཐུབ། དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ཧུ་ཡོ་པང་དམ་པ་ཁོང་ནི་བློ་རྒྱ་ཡངས་པོ་དང་དངོས་ཡོད་དྲང་བདེན་གྱི་གནས་ཚུལ་གང་ཡིན་པར་ལྟ་ཐུབ་མཁན་ཞིག་ཡིན། ཕྱི་ལོ་ ༡༩༨༠ ལོར་ཁོང་ལྷ་སར་ཕེབས་ཏེ་རྒྱ་ནག་གཞུང་གི་འདས་པའི་སྲིད་བྱུས་ནོར་འཁྲུལ་བྱས་པ་རྣམས་ངོས་ལེན་གནང་ཡོད། ངོས་ཀྱིས་རྒྱུན་དུ་གལ་ཏེ་ཁོང་ལྟ་བུ་རྒྱ་ནག་དཔོན་རིགས་ཁྲོད་ཡོད་ན་བོད་ཀྱི་དཀའ་ངལ་དང་དཀའ་ངལ་གཞན་མང་པོ་ད་ཚོད་སེལ་ཟིན་ཡོད་པ་བསམ་བཞིན་ཡོད། ད་ཆ་རྒྱ་ནག་དཔོན་རིགས་ཚོས་གནད་དོན་དེ་དག་གང་འདྲ་བྱེད་ཏེ་སེལ་དགོས་མིན་ཐོག་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་པར་བརྟེན་བོད་མི་ཚོས་སེེམས་ལ་མི་དགའ་བ་ཆེན་པོ་བཟོས་ཡོད། ད་ཆ་ངོས་ཀྱིས་རེ་བ་ཆེན་པོ་ཞིག་མཐོང་གི་འདུག རྒྱ་ནག་གི་སྲིད་བློན་སྐུ་ཞབས་ཝུན་ཅ་པོས་མང་ཚོགས་ཁྲོད་སྐུ་ཞབས་ཧུ་ཡོ་པང་གིས་བཞེངས་ཕྱོགས་དེར་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་མ་ཟད། ད་ཆ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ཐོག་ཕྲན་བུ་གུ་ཡངས་གཏོང་དགོས་པའི་དུས་ལ་བབ་སྐོར་གསུངས་ཡོད། སྐུ་ཞབས་ཏེང་ཞའོ་ཕིང་གིས་དཔལ་འབྱོར་གུ་ཡངས་ཀྱི་སྲིད་བྱུས་ལ་བརྟེན་ནས་འགྱུར་བ་ཆེན་པོ་བྱུང་ཡོད། དེ་ནི་ལོ་ ༣༠ ཙམ་གྱི་གོང་ལ་རེད། ད་ཆ་ཆབ་སྲིད་གུ་ཡངས་གཏོང་དགོས་པའི་དུས་ལ་བསླེབ་ཡོད། ཉེ་ལམ་རྒྱ་རིགས་ཤེས་ཡོན་མི་སྣའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་གསལ་ནང་གསལ། ཆོས་ལུགས་རང་དབང་། གསར་འགྱུར་རང་དབང་སོགས་དགོས་པ་དང་། གནད་དོན་དེ་དག་ལ་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་དགོས་པའི་འབོད་སྒྲ་ཤུགས་ཆེ་སྒྲོག་བཞིན་ཡོད། མི་མང་གི་མངོན་འདོད་དེ་དག་དམ་བསྒྲགས་བྱེད་མི་ཐུབ། རྒྱལ་ཁབ་དེ་མི་མང་ལ་དབང་བ་ཞིག་ཡིན་པ་ལས་ཚོགས་པ་བྱེ་བྲག་པ་གཅིག་དང་མི་སྒེར་ལ་དབང་བ་ཞིག་མིན། མཐའ་མ་དེར་མི་མང་གི་བསམ་ཚུལ་ལྟར་འགྱུར་བ་འགྲོ་རྒྱུ་ཡིན་པ་དེ་གསལ་པོ་རེད། དེར་བརྟེན་གཞི་རྩའི་ཆ་ནས་ངོས་ལ་རེ་བ་ཆེན་པོ་འདུག བོད་མི་ཚོ་རྒྱ་མི་རིགས་ལ་མི་དགའ་བ་མེད། ང་ཚོས་རྒྱ་མི་རིགས་ལ་གུས་བཀུར་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་ངོས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་འགྲོ་བཞིན་ཡོད་ནའང་རྒྱ་མི་རིགས་ལ་ཡིད་ཆེས་ནམ་ཡང་བརླགས་མེད། རྒྱ་མི་རིགས་ཚོ་དཀའ་ལས་རྒྱག་ཐུབ་མཁན་དང་ལེགས་བྱང་ཡོད་པའི་མི་རིགས་ཤིག་ཡིན་པ་མ་ཟད། དངོས་ཡོད་གནས་ཚུལ་ལྟ་ཐུབ་མཁན་ཞིག་ཡིན་ཞེས་སོགས་བཀའ་སྩལ། དེ་རྗེས་བརྙན་ཕྲིན་ལྟ་མཁན་ཚོར་བཀའ་སློབ་ཇི་ཡོད་ཀྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་སྩལ་དོན། གཞི་རྩའི་བོད་མི་རིགས་དང་རྒྱ་མི་རིགས་གཉིས་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད། འབྲེལ་བ་དེ་མཚམས་རེ་ཧ་ཅང་མཐུན་པོ་དང་ཡག་པོ་བྱུང་ཡོད། མཚམས་རེ་དཀའ་ངལ་ཡང་བྱུང་ཡོད། ད་ལྟའི་ཆར་དཀའ་ངལ་ཕྲན་བུ་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད། འོན་ཀྱང་ལོ་ངོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད་པར་བརྟེན་བོད་མི་ཞིག་ཡིན་པའི་ཆ་ནས་རྒྱ་མི་རིགས་དུང་ཕྱུར་ ༡༣ གྱི་བདེ་དོན་ལ་སེམས་འཚབ་རང་བཞིན་གྱིས་བསླེབ་ཀྱི་ཡོད། ངོས་ནས་རྟག་ཏུ་རྒྱ་མི་རིགས་ཚོར་དཔལ་འབྱོར་ཡར་རྒྱས་ཙམ་མིན་པར་རང་དབང་ཡོད་པ་ཞིག་ཆགས་རྒྱུའི་སྨོན་ལམ་རྒྱག་བཞིན་ཡོད། རང་དབང་ཡོད་པའི་ཐོག་དཔལ་འབྱོར་ཡར་རྒྱས་བྱུང་བ་ཡིན་ན་ལུས་སེམས་གཉིས་ལ་ཞི་བ་དང་བདེ་སྐྱིད་བསྐྲུན་ཐུབ། གལ་ཏེ་དེ་འདྲ་ཞིག་བྱུང་ཐུབ་ཚེ་མི་མང་དུང་ཕྱུར་མང་པོའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་རེད། དེ་ནི་ངོས་ཀྱི་སྨོན་ལམ་དང་མངོན་འདོད་ཀྱང་ཡིན་ཞེས་སོགས་བཀའ་ལན་སྩལ།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་སྐད་བརྙན་འཕྲིན་གྱི་ཆེད་དོན་དྲི་བར་བཀའ་ལན་སྩལ་བ།
གསར་གནས།
འབྲེལ་གནས།