༢༠༡༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།
ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་སཊྣ་ཕོཌ་གཙུག་ལག་སློབ་གྲྭ་དང་ཁལ་ལི་ཕོར་ནི་ཡའི་གཙུག་ལག་སློབ་གྲྭ་བྷར་ཀ་ལེ་གཙུག་ལག་སློབ་གྲྭ སན་ཕ་རན་སི་སི་ཀོ་མངའ་སྡེའི་གཙུག་ལག་སློབ་གྲྭ སན་ཕ་རན་སི་སི་ཀོ་སྒྱུ་རྩལ་བསྟི་གནས་ཁང་བཅས་ཀྱི་ནང་རྒྱ་རིགས་སློབ་ཕྲུག་ ༡༣༠ ཙམ་དང་རྒྱ་རིགས་གཙུག་ལག་སློབ་དཔོན། མཁས་དབང་བཅས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་བོད་ཀྱི་གནད་དོན་སྐོར་བཀའ་སློབ་གཟབ་རྒྱས་སྩལ། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྤྱི་ཚོགས་ཡར་རྒྱས་གཏོང་ཆེད་གང་ཟག་སྒེར་གྱི་གསར་གཏོད་བྱ་རྒྱུའི་རྣམ་དཔྱོད་ཀྱི་རྩལ་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། གང་ཟག་སྒེར་གྱི་རྣམ་དཔྱོད་བེད་སྤྱོད་གཏོང་ཆེད་རང་དབང་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་བཞིན་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ཡིན་
པར་བརྟེན་ཆབ་སྲིད་ཀྱི་ལངས་ཕྱོགས་ཕན་ནུས་ལྡན་པ་ཞིག་བཟུང་དགོས་པ་དང་རྒྱ་ནག་མི་མང་དུང་ཕྱུར་ ༡༣ ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྒྱུའི་ཐོབ་ཐང་ཡོད་ཅེས་བཀའ་སྩལ། དེ་བཞིན་༸གོང་ས་མཆོག་གིས་དེ་སྔ་རྒྱ་ནག་གནམ་བདེ་སྒོ་མོའི་རྙོག་གྲ་མ་བྱུང་གོང་ནས་རྒྱ་མི་རིགས་ཚོ་དང་འབྲེལ་བ་བྱ་རྒྱུའི་འབད་བརྩོན་མཛད་ཡོད་ཀྱང་སྐུ་ངལ་འཕྲད་ཡོད་སྐོར་དང་གནམ་བདེ་སྒོ་མོའི་དོན་རྐྱེན་བྱུང་རྗེས་རྒྱ་མི་དང་འབྲེལ་བ་བྱེད་སྐབས་ཡར་ལན་སྤྲོད་རྒྱུ་ཡག་ཏུ་ཕྱིན་ཡོད་སྐོར་བཀའ་སྩལ། ལྷག་དོན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་ཀྱི་གནད་དོན་ལ་དོ་སྣང་བྱེད་མཁན་རྒྱ་རིགས་མང་དུ་འགྲོ་བཞིན་ཡོད་པ་དང། འདས་པའི་ལོ་གཉིས་རིང་མགོན་པོ་གང་ཉིད་མཆོག་གིས་ཡང་ཡང་རྒྱ་རིགས་ཚོ་དང་གྲོས་མོལ་མཛད་ཀྱི་ཡོད་སྐོར་སོགས་བཀའ་སྩལ།
ཕྱོགས་མཚུངས་བོད་ཀྱི་གནད་དོན་དང་འབྲེལ་ནས་བཀའ་སློབ་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་གིས་བོད་རང་བཙན་རྩོད་གནང་མཛད་ཀྱི་མེད་པ་དེ་ཚང་མས་ཤེས་གསལ་ཡིན་པ་མ་ཟད། དེར་བརྟེན་བོད་པ་མི་ཉུང་བ་ཞིག་ནས་གང་ཉིད་མཆོག་གི་བཞེངས་ཕྱོགས་དེར་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ནས་ད་དུང་༸གོང་ས་མཆོག་ཁ་བྲལ་བ་ཡིན་པའི་བསྙོན་འཛུགས་བྱེད་བཞིན་ཡོད་སྐོར། བོད་ཀྱི་དཀའ་ངལ་དེ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན་པར་བརྟེན་དཀའ་ངལ་སེལ་ཐུབ་ངེས་ཤིག་ཡིན་པ་དངོས་ཡོད་གནས་ཚུལ་ཞིག་རེད་ཅེས་བཀའ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ད་ལྟའི་ཆར་རྒྱ་ནག་དཔོན་རིགས་ཚོ་དང་གྲོས་མོལ་བྱ་རྒྱུའི་གནས་བབ་ཇི་འདྲ་ཞིག་བསླེབ་ཡོད་མེད་དང་། ཕྱི་ལོ་ ༡༩༧༤ ལོ་ནས་བོད་རང་བཙན་རྩོད་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང། དེ་རྗེས་ཕྱི་ལོ་ ༡༩༧༩ ལོའི་འགོ་སྟོད་ཙམ་ལ་སྐུའི་གཅེན་པོ་རྒྱ་བློ་དོན་གྲུབ་མཆོག་ལ་རྒྱ་ནག་གི་སྲིད་འཛིན་སྐུ་ཞབས་ཏེང་ཞའོ་ཕིང་ནས་རང་བཙན་མ་གཏོགས་བོད་ཀྱི་གནད་དོན་སེལ་རྒྱུའི་ཐབས་ལམ་གཞན་གང་ཡོད་གྲོས་མོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་སྐོར་གསུངས་ཡོད་པ་དང། ཕྱི་ལོ་ ༡༩༨༠ ནང་ཧུ་ཡོ་པང་(Hu Yaobang) སྐབས་བོད་ཀྱི་གནད་དོན་དེར་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཆེན་པོ་བྱུང་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་ཁོང་གོ་གནས་ནས་ཕབ་པ་རེད། ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་འབྲེལ་བ་སླར་གསོ་བྱུང་ཡོད་ཀྱང་བོད་རྒྱ་གཉིས་ཀྱི་གྲོས་མོལ་དེར་ད་བར་དོན་ཕན་སོན་པའི་ཡར་རྒྱས་གང་ཡང་བྱུང་མེད་ཅེས་བཀའ་སྩལ། དེ་རྗེས་བོད་ཀྱི་གནད་དོན་སེལ་ཆེད་མང་ཚོགས་ནས་གང་བྱེད་ཐུབ་མིན་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཚང་མར་གོ་རྟོགས་སྤེལ་དགོས་པ་དང། རྒྱ་མི་རིགས་ཚོ་དཀའ་ལས་རྒྱག་ཐུབ་མཁན་གྱི་མི་རིགས་ཤིག་ཡིན་པ་དང་༸གོང་ས་མཆོག་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་རྒྱ་རིགས་ནང་པ་ཚོར་དུས་རྟག་ཏུ་གུས་བཀུར་ཞུ་གནང་མཛད་བཞིན་ཡོད། གང་ཡིན་བརྗོད་ན་རྒྱ་རིགས་ནང་པ་ཚོ་སྟོན་པའི་རྗེས་འབྲང་གི་བསླབ་པ་རྒན་པ་ཆགས་ཡོད་། འོན་ཀྱང་ནང་ཆོས་སློབ་སྦྱོང་ཐོག་བསླབ་པ་གཞོན་པ་ཚོ་སྡུག་པོ་རང་མེད་སྐོར་བཀའ་སྩལ། དེ་རྗེས་ཚོགས་བཅར་བ་གཞན་ཞིག་གི་དྲི་བར་བཀའ་ལན་མཛད་སྐབས་༸གོང་ས་མཆོག་གིས་རྒྱ་ནག་ནང་དུས་སྐབས་བཞི་ལ་ཕྱེ་གནང་མཛད་ཀྱི་ཡོད་པ་དང།
མའོ་ཙེ་ཏུང་གི་དུས་སྐབས་སུ་ལྟ་བར་གཅེས་འཛིན་བྱས་ཡོད་པ་དང། ཏེང་གི་དུས་སྐབས་སུ་དཔལ་འབྱོར་ཡར་རྒྱས་དེ་གཙོ་ཆེར་རྩིས་ཡོད། ཅང་ཙི་མིན་དུས་སྐབས་སུ་གུང་ཁྲན་ཚོགས་མི་ཁོངས་གྲལ་རིམ་གཞན་གྱི་འཐུས་མི་བཅུག་ཡོད། ཧུའུ་ཅིན་ཐའོ་ཡི་དུས་སྐབས་སུ་སྤྱི་ཚོགས་འཆམ་མཐུན་དང་མི་སྒེར་གྱི་རང་དབང། གསར་འགྱུར་རང་དབང་སོགས་ལ་གཙིགས་ཆེར་རྩིས་ཡོད་ཅེས་བཀའ་སྩལ་ཡོད།
དེ་རྗེས་ ༡༩༨༩ ལོར་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་སྐབས་ལྕགས་ཁྲབ་འཁོར་ལོས་བརྫིས་ནས་རྐང་པ་གཉིས་འཕྲོ་བརླག་ཕྱིན་པའི་སྐུ་ཞབས་ཕྷང་ཀྲང་གིས་ཉེ་ཆར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ལིའུ་ཞའོ་པོ་མ་འོངས་པར་གང་དུ་མཇལ་ཐུབ་བམ་ཞེས་བཀའ་དྲི་ཞུས་པར། ༸གོང་ས་མཆོག་གིས་ཕྷང་ཀྲང་གིས་རྐང་པ་གཉིས་ཤོར་བའི་ལོ་རྒྱུས་གསན་གཟིགས་མཛད་དེ་སྐར་ཆ་ཁ་ཤས་ཐུགས་ཕམ་སྣང་ཆེན་པོས་བཀའ་ལན་སྩལ་དོན། གལ་སྲིད་དེ་འདྲའི་གོ་སྐབས་བྱུང་ཚེ། པེ་ཅིང་དུའང་ཡོང་སྲིད་པ་རེད་ཅེས་བཀའ་ལན་སྩལ། དེ་བཞིན་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་སློབ་ཕྲུག་ཚོར་དུས་རབས་ ༢༡ པ་འདི་ཡག་པོ་ཞིག་ཡོང་རྒྱུར་འགན་ཁུར་མང་ཙམ་ལེན་དགོས་སྐོར་བཀའ་སྩལ། ཕྱོགས་མཚུངས་ཚོགས་བཅར་བའི་ཁོངས་རྒྱ་རིགས་གཙུག་ལག་སློབ་དཔོན་བགྲེས་པ་ཚོར་མཛུབ་སྟོན་མཛད་དེ་ཁོང་རྣམས་དུས་རབས་གོང་མའི་མི་ཆགས་ཡོད་པ་དང་གཞོན་སྐྱེས་ཚོར་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུར་དུས་རབས་འདིའི་ལོ་ ༩༠ ཙམ་ད་དུང་ལྷག་ཡོད་ཅེས་བཀའ་སྩལ།
དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་གོ་སྒྲིག་ཞུ་མཁན་གྱི་རྒྱ་རིགས་སློབ་ཕྲུག་གཅིག་ནས་༸གོང་ས་མཆོག་མཛད་བྲེལ་ཤིན་ཏུ་ཆེ་ཡང་ཆེད་དུ་འདིར་ཆིབས་སྒྱུར་བསྐྱངས་པར་རྒྱ་བོད་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཤིན་ཏུ་ཆེ་ཞེས་ཞུས། རྒྱ་རིགས་སློབ་ཕྲུག་དང་། མཁས་དབང་མཇལ་འཕྲད་ཀྱི་ལས་རིམ་དེར་༸གོང་ས་མཆོག་གིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གཏོང་གནང་མཛད། མཇུག་ཏུ་སློབ་ཕྲུག་རྣམས་དང་། མཁས་དབང་ལྷན་དུ་སྐུ་པར་ཡང་ལྷན་བསྒྲོན་མཛད་ཡོད་པ་བཅས།།