༢༠༡༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོ་ན་རི་ཏ་གནམ་ཐང་དུ་ཉི་ཧོང་གི་བརྙན་འཕྲིན་ (NHK Television) དང་ཀ་ཡོ་ཌོ་ཚུ་ཤིན་(Kyodo Tsushin) གསར་ལས་ཁང་གི་གསར་འགོད་པས་ལིའུ་ཞའོ་པོར་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་སྐོར་གྱི་ཆེད་དོན་དྲི་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་སྩལ་དོན། ཕྱི་ལོ་ ༢༠༡༠ ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་སྐུ་ཞབས་ལིའུ་ཞའོ་པོར་ཐོབ་པ་ནི་དུས་ལ་བབ་པ་དང་འོས་འཚམས་ཤིག་ཡིན། གཟེངས་རྟགས་དེས་རྒྱལ་སྤྱིའི་ནང་ཁོང་གིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་ནང་མང་གཙོ་དང་རང་དབང་ཡོང་ཆེད་འབད་བརྩོན་བྱས་པ་དེར་ངོས་འཛིན་ཐོབ་པ་ཞིག་རེད།
རྒྱ་ནག་གི་དཔོན་རིགས་ཚོས་ད་ཆ་བསམ་བློ་གུ་དོག་གི་བྱ་སྤྱོད་དེ་དག་དོར་ཏེ་བློ་རྒྱ་ཡངས་པོ་བྱ་དགོས་པའི་དུས་ལ་བསླེབས་ཡོད། རྒྱ་ནག་གི་དཔོན་རིགས་ཚོས་དངོས་ཡོད་གནས་ཚུལ་དེར་ངོས་ལེན་བྱེད་དགོས། རྒྱ་ནག་མི་མང་ཚོས་དགོས་འདུན་བཏོན་པ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཐོབ་ཐང་གང་གསལ་བ་དེ་རང་ཡིན།
གསར་འགྱུར་བརྒྱུད་ལམ་བྷི་བྷི་སི་ (BBC) དང་སི་ཨན་ཨན་ (CNN) ལ་སོགས་པའི་བརྒྱུད་ལམ་ཁག་ལ་དམ་བསྒྲགས་བྱས་པས་ཕན་ཐོགས་གང་ཡང་མེད་པ་མ་ཟད། བྱ་སྤྱོད་དེ་རིགས་ཀྱིས་རྒྱ་ནག་གི་ཆེ་མཐོང་ལ་གནོད་གཞི་ཞིག་ཆགས་རྒྱུ་ཡིན་ཞེས་བཀའ་སྩལ་ཡོད།
གཞན་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོར་དམིགས་བསལ་བཀའ་སློབ་ཕེབས་དོན། ཁྱེད་ཀྱིས་འབད་བརྩོན་བཟང་པོ་དེར་འཛམ་གླིང་གི་ངོས་འཛིན་ཐོབ་པ་ཞིག་ཡིན། ཁྱེད་རང་གནས་སྐབས་དཀའ་ངལ་འོག་ཚུད་ཡོད་ཀྱང་སེམས་ཤུགས་མ་ཆག་པར་བློ་སྤོབས་དང་ཆོད་སེམས་བརྟན་པོ་བཟུང་དགོས། འཛམ་གླིང་མི་མང་ཁྱེད་ཀྱི་རྒྱབ་ཏུ་ཡོད་ཅེས་བཀའ་སྩལ་བ་དང་།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐུ་ཞབས་ལིའུ་ཞའོ་པོའི་བཟའ་ཟླ་ལིའུ་ཞི་ཡ་ལ་སེམས་ཤུགས་མ་ཆག་ཅེས་བཀའ་སྩལ་ཡོད།
གཞན་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་དེས་རྒྱ་ནག་ནང་འགྱུར་བ་འགྲོ་མིན་སྐོར་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་ནང་འགྱུར་བ་འགྲོ་རྒྱུ་དེ་གནད་དོན་མང་པོ་ཞིག་ལ་རག་ལུས་ཡོད། གནད་དོན་དེ་དག་གི་ནང་ནས་ནོ་བེལ་ཞི་བདེའི་གཟེངས་རྟགས་དེ་གཅིག་རེད། རྒྱ་ནག་ནང་འགྱུར་བ་གཏོང་ཆེད་ལིའུ་ཞའོ་པོ་ལྟ་བུ་མང་པོ་དགོས་པ་རེད་ཅེས་བཀའ་སྩལ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་འོས་ད་ལྟའི་རྒྱ་ནག་ནང་མང་གཙོ་དང་སྨྲ་བརྗོད་ཀྱི་རང་དབང་ནི་མེད་དུ་མི་རུང་བ་ཞིག་ཡིན་སྐོར་གསུངས་པ་དེར་བསྔགས་བརྗོད་མཛད་པ་དང་སྦྲགས་རྒྱ་ནག་དཔོན་རིགས་ཚོས་མང་གཙོ་དང་རང་དབང་གི་ཐོག་འབད་བརྩོན་བྱ་རྒྱུ་དེ་རྒྱ་ནག་ཙམ་མ་ཟད་འཛམ་གླིང་མི་ཚང་མར་ཁེ་ཕན་ཡོད་ཅེས་བཀའ་སློབ་སྩལ།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གནམ་ཐང་དུ་བརྙན་འཕྲིན་གསར་འགོད་པས་ཆེད་དོན་དྲི་བར་བཀའ་ལན་སྩལ་བ།
གསར་གནས།
འབྲེལ་གནས།