༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་ས་རཱ་བོད་ཀྱི་མཐོ་སློབ་ནས་གོ་སྒྲིག་འོག་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ་ཨ་རིའི་མི་ཡ་མི་མཐོ་སློབ་ (Miami University) ནས་ཡིན་པའི་སློབ་ཕྲུག་དང་ལས་བྱེད་གྲངས་ ༡༢ ཙམ་ལ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གིས་འབྲོག་པའི་ཁྱིམ་གཞི་བསྐྱར་འཛུགས་དང་རྩྭ་ཐང་ལྕགས་རྭ་སྐོར་བའི་སྲིད་བྱུས་དེས་འབྲོག་པ་ཚོའི་འཚོ་བའི་གནས་སྟངས་ཐོག་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པ་དང་།
ལྷག་པར་རྩ་ཐང་རྣམས་གཏན་འཁྱགས་ཆགས་རིམ་གྱིས་ས་བཅུད་ཉམས་པ། ཐན་པ་བྱུང་བ། ཆུ་ལོག་སོགས་སྔར་མ་གྲགས་པའི་འབྱུང་བའི་གོད་ཆག་ཤུགས་ཆེ་ཡོང་མུས་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཆུ་རགས་ཕོན་ཆེ་རྒྱག་བཞིན་ཡོད་པ་དེས་འཛམ་གླིང་གི་ཡུལ་གྲུ་གཞན་ལའང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་ནས་བོད་ནང་གི་གཏེར་ཁ་སྔོགས་འདོན་ཆེད་བཟོ་གྲྭ་མང་པོ་བརྒྱབ་རྐྱེན་བོད་ཀྱི་ས་ཆུ་དང་སྲོག་ཆགས་ལ་གནོད་ཚབས་བྱུང་གི་ཡོད་པ་མ་ཟད། བོད་ནང་རྒྱ་མི་ཕོན་ཆེ་སྤོ་ཤུགས་བྱེད་བཞིན་པར་བརྟེན་བོད་ཀྱི་ཁོར་ཡུག་ལ་གནོད་ཚབས་ཤུགས་ཆེ་ཡོང་གི་ཡོད་སྐོར་སོགས་པར་རིགས་ཀྱི་ལམ་ནས་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད། གསུང་བཤད་གྲུབ་མཚམས་(Miami University) མཐོ་སློབ་ཀྱི་སློབ་ཕྲུག་དང་ལས་བྱེད་རྣམས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།