༢༠༡༠ ཟླ་ ༩ ཚེས་ ༡༤ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས༌ ༡༠ ནས་ ༡༢ བར་ཨ་རིའི་མངའ་སྡེ་ཝི་སི་ཀོན་སིན་བོད་རིགས་ཚོགས་པ་དང་ཝི་སི་ཀོན་སིན་ལྷོ་ཨེ་ཤི་ཡའི་གཙུག་ལག་སློབ་གྲྭ་ (University of Wisconsin’s Center for South Asia) གཉིས་ཀྱིས་ཟུང་སྦྲེལ་ཐོག་བོད་ཀྱི་རིག་གཞུང་གོ་རྟོགས་སྤེལ་སླད་ཝི་སི་ཀོན་སིན་ས་གནས་མི་མང་དང་ལྷན་ལོ་འཁོར་བོད་ཀྱི་དུས་སྟོན་སྲུང་བརྩི་ཞུས་འདུག ཉིན་གསུམ་གྱི་དུས་སྟོན་དབུ་འབྱེད་ཀྱི་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་བོད་ལ་ཞི་བདེ་དང་ངྲང་བདེན་ཡོང་ཆེད་སྨོན་ལམ་གསོལ་འདེབས་གནང་བ་དང་། དེ་རྗེས་ལྷོ་ཨེ་ཤི་ཡའི་གཙུག་ལག་སློབ་གྲྭའི་དབུ་འཛིན་སྐུ་ཞབས་མཀ་ཀེ་ནོ་ཡེར་ (Mark Kenoyer) ལགས་ནས་བོད་ཀྱི་རིག་གཞུང་སྲུང་བརྩི་ཞུས་པའི་དུས་སྟོན་དེར་དགའ་བསུའི་བསྟོད་བསྔགས་ཀྱི་གསུང་བཤད་གནང་དོན། ང་ཚོས་འབྱུང་འགྱུར་བོད་ཀྱི་དུས་སྟོན་ཉིན་གསུམ་དེ་ངང་སྒུག་བྱེད་བཞིན་ཡོད། ངོས་ནས་ཀྱང་དུས་སྟོན་འདིའི་སྐོར་གང་ཐུབ་ཁྱབ་བསྒྲགས་བྱས་པ་ཡིན། ང་ཚོས་དུས་སྟོན་འདིར་མི་ཚོགས་མང་པོ་འདུ་འཛོམས་ཡོང་རྒྱུར་འབད་བརྩོན་གང་ཡོང་གནང་དགོས་ཞེས་གསུང་བཤད་གནང་བ་དང། སྐབས་དེར་ལྷོ་ཨེ་ཤི་ཡའི་གཙུག་ལག་སློབ་གྲྭའི་དབུ་འཛིན་སྐུ་ཞབས་མཀ་ཀེ་ནོ་ཡེར་ལགས་ཀྱིས་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཊེཝ་ (Dave Cieslewicz) ལགས་མཛད་སྒོའི་དབུ་འབྱེད་ཐོག་མཉམ་ཞུགས་གནང་བ་དང་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་བ་དང། གྲོང་སྡེའི་སྤྱི་ཁྱབ་མཆོག་ནས་ཀྱང་མེ་ཊི་སོན་གནས་ཡོད་བོད་རིགས་རྣམས་ཀྱིས་རང་གི་རིག་གཞུང་གཅེས་འཛིན་བྱས་པར་བསྔགས་བརྗོད་གནང་ཡོད་པ་མ་ཟད། ཁོང་གིས་དེ་སྔ་༸གོང་ས་མཆོག་ཐེངས་གཉིས་ཙམ་མཇལ་ཁ་ཞུ་མྱོང་ཡོད་པ་དང་། ༸གོང་ས་མཆོག་མེ་ཊི་སོན་དུ་ཆིབས་སྒྱུར་སྐྱོང་སྐབས་༸གོང་ས་མཆོག་ལ་ཆེ་བསྟོད་དང་། བོད་དོན་ལ་རྒྱབ་སྐྱོར། དེ་བཞིན་མེ་ཊི་སོན་གྱི་ས་གནས་བོད་རིགས་རྣམས་དང་མཛའ་མཐུན་གྱི་འབྲེལ་ལམ་དམ་ཟབ་མཚོན་ཆེད་གྲོང་ཁྱེར་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད། གཞན་ཡང་ཁོང་གིས་མུ་མཐུད་གསུང་དོན། བོད་ཀྱི་རིག་གཞུང་དང་འབྲེལ་བའི་དུས་སྟོན་ཞིག་ས་གནས་འདིར་གོ་སྒྲིག་གནང་བར་ངས་མེ་ཊི་སོན་གྲོང་ཁྱེར་མི་མང་རྣམས་ཀྱིས་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད།