༢༠༡༠ ཟླ་ ༩ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །འདི་གར་བོད་གཞུང་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས་དོན་གཅོད་ཁང་གི་གྲོས་འདྲི་ཡུལ་དང་ལྷན་དུ་འདི་ཚེས་ ༢༧ དགོང་དྲོ་ཁ་པར་གྱི་ཚོགས་འདུ་སྐོང་ཚོགས་གནང་ནས་ཚོགས་འདུ་ཐེངས་དང་པོའི་སྐབས་བཀའ་མོལ་བྱུང་བའི་དོན་གནད་ཁག་དང་འབྲེལ་བའི་གསར་གནས་ངོ་སྤྲོད་གནང་། དེའི་དམིགས་ཡུལ་ནི་སྐུ་ཚབ་དོན་གཅོད་ཁང་གི་གྲོས་འདྲི་ཡུལ་རྣམ་པས་དོན་ཁང་ངོས་ནས་ལས་དོན་ཇི་བྱས་མཁྱེན་རྟོགས་ཀྱི་ཆེད་དང་། དོན་ཁང་གི་ལས་དོན་ཐོག་དགོངས་འཆར་ཇི་ཡོད་གནང་རྒྱུ་དེ་ཡིན། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས་དེ་སྔ་ཕྱི་ཟླ་བཞི་པའི་ཁ་པར་ཚོགས་འདུ་ཐེངས་དང་པོའི་ཐོག་བཀའ་མོལ་བྱུང་བའི་གཤམ་གསལ་གྱི་དོན་གནད་ཐོག་མཇུག་སྐྱོང་ཇི་བྱས་སྙན་སེང་ཡོད།
༡༽ ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་གི་དམིགས་སྒོར་ཁང་པ་ཁ་ཤས་ལྟ་བཞིན་ཡོད་པ་སོགས་ཀྱི་ད་ལྟའི་གནས་སྟངས་ཇི་ཆགས།
༢༽ འདི་ལོ་དབྱར་ཁའི་གུང་གསེང་དང་སྟབས་བསྟུན་ཨ་རིའི་ནང་གི་བོད་རིགས་སློབ་ཕྲུག་ཁག་ཅིག་རྡ་ས་བོད་ཁྱིམ་དུ་དབྱར་སེང་ལས་གཞིའི་ཁོངས་སུ་བཏང་བར་གཞོན་སྐྱེས་ཚོའི་བོད་སྐད་ཡག་ཏུ་འགྲོ་རྒྱུ་དང་། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་རྒྱུ། བོད་པའི་གོམས་གཤིས་དང་རིག་གཞུང་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ངེས་ཅན་བྱུང་ཡོད་པའི་ཚོར་བ་བྱུང་བ་མ་ཟད། སློབ་ཕྲུག་དོ་བདག་དང་། ཕ་མ་སོ་སོའི་ངོས་ནས་ཀྱང་ལས་འཆར་དེར་བློ་ཡིད་འཚིམས་པོ་བྱུང་ཡོད།
༣༽ དེ་སྔ་ཞུས་དོན་བཞིན་དོན་གཅོད་ལས་ཁུངས་ཚུགས་ཡུལ་གཞི་རྒྱ་ཆེ་རུ་བཏང་བ་དང་། སྔར་བེད་སྤྱོད་དེ་ཙམ་མེད་པའི་ཐོགས་བརྩེགས་དང་པོའི་ཀ་ཕིབས་གསར་བཅོས་བྱས་ནས་ད་ཆ་དོན་ཁང་ཚུགས་ཡུལ་སྔར་དང་མི་འདྲ་བའི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད།
༤༽ ལྷག་པར་དུ་འདི་ལོ་ཕྱི་ཟླ་ལྔ་པར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་རྒྱ་བོད་སློབ་ཕྲུག་དབར་གྱི་ཚོགས་འདུ་དང་། ༸གོང་ས་མཆོག་ནས་རྒྱ་རིགས་མཁས་དབང་བདུན་བཅུ་ལྷག་ཙམ་ལ་བཀའ་སློབ་གསུང་བཤད་དང་། དྲི་བ་དྲིས་ལན། བཞུགས་སྒར་དུ་རྒྱ་རིགས་གསར་འགོད་པ་དང་། རྩོམ་པ་པོ་ཁག་ཅིག་འཚམས་གཟིགས་སུ་ཕེབས་རྒྱུའི་གོ་སྒྲིག་ཞུས་པ་སོགས་རྒྱ་རིགས་དང་འབྲེལ་ལམ་ཞུ་རྒྱུའི་ལས་དོན་རྣམས་གང་ལེགས་བྱུང་བ་བཅས་ཀྱི་སྐོར་སྙིང་བསྡུས་གྲོས་འདྲི་ཡུལ་ཚོའི་མཁྱེན་རྟོགས་ཆེད་ངོ་སྤྲོད་གནང་།
ཡང་སྐུ་ཚབ་དོན་གཅོད་མཆོག་གིས་གནང་བཞིན་པའི་ལས་དོན་ངོ་སྤྲོད་གནང་སྐབས། རིང་མིན་ཕྱི་ཟླ་ ༡༠ པའི་ནང་མགོན་པོ་གང་ཉིད་མཆོག་གི་ཆིབས་སྒྱུར་གྲ་སྒྲིག་དང་། སྤྱི་འཐུས་སྐབས་ ༡༥ པ་དང་། བཀའ་ཁྲི་སྐབས་ ༣ པའི་འོས་སྡུ་ཆེན་མོ་དང་འབྲེལ་བའི་ལས་དོན་ནི་དེང་སང་གི་བྲེལ་བ་ཆེ་བའི་ལས་དོན་གལ་ཆེ་བ་གཉིས་ཡིན་པ་དང་། ཚང་མས་འབད་བརྩོན་བྱས་པ་ལ་བརྟེན་ནས་དེབ་སྐྱེལ་གྱི་ལས་དོན་དུས་ཐོག་ཏུ་ཚར་བ་མ་ཟད། དེབ་སྐྱེལ་བྱེད་མཁན་ཡང་ལྔ་སྟོང་དགུ་བརྒྱ་ལྷག་ཙམ་བྱུང་བ་ནི་འདས་པའི་སྐབས་གང་ལས་ཀྱང་བརྒྱ་ཆ་མཐོ་ཤོས་ཡིན་པ་དང་། ཉེ་དུས་ཆིབས་སྒྱུར་གནང་ཡུལ་ས་གནས་ཁག་ཏུ་གཟིགས་ཞིབ་ལ་ཕེབས་པར་གདན་ཞུ་གནང་མཁན་ཚང་མས་གྲ་སྒྲིག་ཡག་པོ་གནང་ཡོད་པའི་སྐོར་འགྲེལ་བརྗོད་གནང་། སྐུ་ཚབ་དོན་གཅོད་མཆོག་ནས་ད་དུང་ལས་དོན་བྱེད་རྒྱུའི་ཁོངས་སུ་ཕྱི་ཟླ་ ༡༠ པའི་ཆིབས་སྒྱུར་དང་བསྟུན་ནས་བོད་ཀྱི་ནང་ཆོས་སྐོར་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཚོགས་གཏན་འཁེལ་བ་དང་། ཁེ་ལི་ཕྷོ་ནི་ཡར་ཡོད་པའི་སི་ཀྲན་ཕྷོ་ཀྲེ་གཙུག་ལག་སློབ་གྲ་ཆེན་མོའི་ནང་༸གོང་ས་མཆོག་གིས་ཁུལ་དེའི་རྒྱ་རིགས་སློབ་ཕྲུག་དང་། མཁས་དབང་དང་མཇལ་འཕྲད་མཛད་རྒྱུ་དང་། དེ་བཞིན་ཁེ་ན་ཌའི་ཀྲོ་རོན་ཀྲོར་ཆིབས་སྒྱུར་སྐབས་སུ་ཡང་རྒྱ་རིགས་གྲོགས་པོ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་གཏན་འཁེལ་ཡོད་པ། བོད་དང་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣ་དང་འབྲེལ་ལམ་ལེགས་སུ་གཏོང་ཐབས་ཆེད་ཧི་མ་ལ་ཡའི་རི་རྒྱུད་མི་སྣའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་དང་མཉམ་དུ་སྣེ་ལེན་འདུ་འཛོམས་གནང་གཏན་འཁེལ་ཡོད། བྱང་ཨ་རིའི་ཁོངས་སུ་ཡོད་པའི་བོད་རིགས་གཞོན་སྐྱེས་དང་། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་ད་ལྟའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཡོང་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་ནང་དོན་ཤེས་རྟོགས་ལེགས་སུ་གཏོང་ཆེད་ཕྱི་ལོ་ ༢༠༡༡ ལོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུ་འཆར་ཡོད་པ་བཅས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་གནང་། གྲོས་འདྲི་ཡུལ་རྣམ་པས་དགོངས་ཚུལ་དགོངས་འཆར་གསུང་སྐབས། ད་བར་དོན་གཅོད་ལས་ཁུངས་ནས་ཕྱག་ལས་གང་ལེགས་གནང་འདུག་པར་བསྔགས་བརྗོད་དང་། ཨ་རི་ནི་ཆིབས་སྒྱུར་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་སྟབས་༸གོང་ས་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ཨ་རི་གཞུང་ནས་ད་བར་གང་ལེགས་གནང་གི་ཡོད་རུང་། ད་དུང་དོན་ཁང་ནས་ཨ་རིའི་འབྲེལ་ཡོད་ལས་ཁུངས་ཁག་ལ་དེའི་ཐོག་སྔར་བཞིན་ཐུགས་སྣང་ཡོང་བའི་འབོད་སྐུལ་ཡང་ཡང་གནང་སྐྱོང་ཡོང་བའི་དྲན་སྐུལ་དགོངས་འཆར་དང་། དགོས་གལ་བྱུང་ཚེ་ང་རང་ཚོ་བོད་མིར་འབོད་སྐུལ་ཞུ་དགོས་བྱུང་ཡང་འབོད་སྐུལ་གནང་སྐྱོང་ཡོང་བའི་དགོངས་འཆར་གསུང་པ་མ་ཟད། ཨ་རིའི་ནང་འཚོ་བ་སྐྱེལ་མཁན་གྱི་རང་རིགས་གཞོན་སྐྱེས་ཚོའི་མིག་སྔའི་དཀའ་ངལ་ཆེ་ཤོས་ཤིག་ནི་བོད་སྐད་བོད་ཡིག་ཡག་པོ་མི་ཤེས་པ་དེ་ཡིན་པས་དོན་ཁང་ནས་དོན་དེར་དམིགས་ནས་གཞོན་སྐྱེས་ཚོར་རྒྱལ་རབས་ལོ་རྒྱུས་དང་། ནང་ཆོས། བོད་ཡིག གཞས་དང་ཞབས་བྲོ་བཅས་ཀྱི་ནང་དོན་ལྡན་པའི་ཟབ་སྦྱོང་དེ་འདྲ་དབྱར་སེང་ཟླ་གསུམ་རིང་གནང་ཐུབ་ན་དགེ་མཚན་ཡོད་པ་དང་། གལ་སྲིད་ཕ་མའི་ངོས་ནས་ཐུགས་འདོད་ཡོད་ན། གཞོན་སྐྱེས་རྣམས་བོད་ཁྱིམ་ལྟ་བུའི་སློབ་གྲྭའི་ནང་དམིགས་བསལ་འཇུག་བཞེས་ཡོང་བ་དོན་ཁང་ནས་བོད་ཁྱིམ་ལ་བཀའ་མོལ་གནང་ཚེ་དགེ་མཚན་གཟིགས་པའི་དགོངས་འཆར་གནང་ཡོད། དེ་སྔ་ཚོགས་འདུ་ཐེངས་དང་པོའི་སྐབས་དོན་ཁང་ནང་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་ལས་བྱེད་པ་གཏན་འཇགས་གཅིག་ཟུར་འཛུགས་གནང་རྒྱུ་དང་། བོད་རིགས་རང་གི་བདེ་དོན་གྱི་སྡེ་ཚན་ཟུར་འཛུགས་ཐུབ་ན་ཞེས་པའི་དགོངས་འཆར་བྱུང་བའི་ཐད་དོན་གཅོད་མཆོག་ནས། དགོངས་འཆར་དེ་གཉིས་བཀའ་ཁྲི་མཆོག་ལ་སྙན་སེང་ཞུས་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྐོར་བཀའ་ཁྲི་མཆོག་ནས་དམིགས་བསལ་གྱི་ལམ་སྟོན་ཕེབས་རིགས་མ་བྱུང་། བོད་རིགས་ཀྱི་བདེ་དོན་སྡེ་ཚན་ཟུར་འཛུགས་སྐོར་སྔོན་ལ་བོད་རིགས་རང་གི་བདེ་དོན་དང་འབྲེལ་བའི་ལས་དོན་ཇི་ཙམ་ཡོད་དམ་ཞེས་བཀའ་ཕེབས་བྱུང་བའི་སྐོར་དང་། ད་ལྟ་དོན་ཁང་ཁོངས་སུ་བོད་རིགས་སྤྱི་མཐུན་ཚོགས་པ་གྲངས་ ༣༠ དང་། དང་བླངས་དཔྱ་དངུལ་དང་འབྲེལ་བའི་སྐོར་འགན་འཁུར་བྱེད་མཁན་གཏན་འཇགས་ལས་བྱེད་གཅིག་ཟུར་དུ་ཡོད་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད། སྐུ་ཚབ་དོན་གཅོད་ཁང་གི་གྲོས་འདྲི་ཡུལ་བདུན་ཡོད་པ་ནི་བཀའ་ཟུར་པད་མ་ཆོས་འབྱོར་ལགས་དང་། བཀའ་ཟུར་བཟོད་པ་རྒྱ་མཚོ་ལགས། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས། སྤྱི་ཟུར་ཚེ་རིང་ནོར་འཛོམས་ལགས། ཁྲིམས་དོན་ཆེད་ལས་པ་བློ་བཟང་སེང་གེ་ལགས། གཡུ་སྒྲོན་དོན་ལྡན་ལགས་བཅས་ཡིན་པ་དང་། གོང་ཚེས་ཉིན་གྱི་ཁ་པར་ཚོགས་འདུའི་ཐོག་ཐུབ་བསྟན་སྦྱིན་པ་ལགས་དང་། བློ་བཟང་སེང་གེ་ལགས། གཡུ་སྒྲོན་དོན་ལྡན་ལགས་ས་གནས་སུ་ཞུགས་མེད་པར་བརྟེན་ཚོགས་འདུར་མཉམ་ཞུགས་གནང་ཐུབ་མེད། དེ་འཕྲོས་རྣམས་ཚོགས་འདུར་མཉམ་ཞུགས་གནང་ཡོད་ཅིང་། དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲིས་ལགས་དང་། ཟུང་དྲུང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱང་ཁ་པར་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་བཅས།།