༢༠༡༠ ཟླ་ ༩ ཚེས་ ༤ རེས་གཟའ་སྤེན་པ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་རིང་ཡུ་རོབ་གླིང་ཆེན་གྱི་ཕ་རན་སིའི་རྒྱལ་ས་པཱ་རི་སི་ནང་ཧི་མཱ་ལ་ཡའི་བོད་ཀྱི་རིག་གཞུང་གི་དུས་སྟོན་སྐབས་བཅུ་པ་དེ་སྲུང་བརྩི་ཞུ་རྒྱུ་ཡིན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ནུབ་ཡུ་རོབ་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ནས་གསར་འགོད་ལྷན་ཚོགས་སྐབས་གསལ་བསྒྲགས་གནང་ཡོད། དེ་ཡང་དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་གསུང་དོན་ལྟར་ན་དུས་སྟོན་དེའི་སྐབས་མི་གྲངས་ ༦༠༠༠ ཙམ་འདུ་འཛོམས་ཡོང་རྒྱུའི་ཚོད་དཔག་གནང་བཞིན་འདུག གཞན་ཡང་དུས་སྟོན་སྐབས་བཅུ་པ་དེར་སོག་རྒྱལ་རིན་པོ་ཆེ་མཆོག་གིས་ནང་ཆོས་བསླབ་བྱའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་བའི་གསུང་བཤད་གནང་རྒྱུ་དང། སྐུ་ཞབས་(Claude Arpi) ལགས་ཀྱིས་ཧི་མཱ་ལ་ཡའི་ཁོར་ཡུག་གི་གནས་སྟངས་དང་ལྷག་པར་བོད་ནས་བྱུང་བའི་རྒྱུག་ཆུ་སོགས་ཀྱི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་མ་ཟད། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་དགེ་འདུན་པ་ཁག་གཅིག་ནས་རྡུལ་ཚོན་དཀྱིལ་འཁོར་བཞེང་རྒྱུ་ཡིན་འདུག དེ་བཞིན་སྐབས་དེར་ཕ་རན་སི་ནང་རྟེན་གཞི་བྱས་པའི་བོད་རིགས་ཚོགས་པས་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་བལ་ཡུལ་ཕ་རན་སི་མཐུན་ཚོགས་ནས་བལ་པོའི་གཞས་སྣ་འཁྲབ་སྟོན་ཞུ་རྒྱུ་ཡིན་འདུག ཕྱོགས་མཚུངས་བལ་ཡུལ་སྐད་ཡིག་ཐོག་གཏམ་བཤད་གནང་རྒྱུ་ཡིན་པ་དང། གླིང་གེ་སར་རྒྱལ་པོའི་གློག་བརྙན་ཞིག་ཀྱང་སྟོན་རྒྱུ་རེད་འདུག དེ་བཞིན་བོད་ཀྱི་ཡིག་རིགས་དང་གསོ་བ་རིག་པའི་སྐུ་མཉེད་སྨན་བཅོས། (Tibetan massage) དང་བོད་པའི་དགེ་འདུན་པ་ཁག་གཅིག་ནས་འཆམ་འཁྲབ་སྟོན་ཞུ་རྒྱུ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༡༡ ཉིན་ཕྱེད་ཡོལ་བོད་དོན་རོལ་དབྱངས་འཁྲབ་སྟོན། ཞེས་པའི་དམིགས་བསལ་བོད་མིར་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འཁྲབ་སྟོན་དེའི་སྐབས་རྒྱ་གར་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་དང་རོལ་མོ་མཁས་པ་སྐུ་ཞབས་ར་གུ་ནཱ་ཐ་མ་ནེ་ཐེ་(Mr. Raghunath Manet) ལགས་དང་བལ་པོའི་སྲོལ་རྒྱུན་གྱི་རོལ་མོ་མཁས་པ་སྐུ་ཞབས་ནར་ཨིན་ཌར་བྷ་ཏཱ་ཇུ། བོད་པའི་གླུ་གཞས་གཏོང་མཁན་བསྟན་འཛིན་མགོན་པོ་ལགས་དང་བཀྲས་ཆུང་ལགས་བཅས་ཀྱིས་གླུ་གར་གྱི་ལམ་ནས་མང་ཚོགས་ལ་འཁྲབ་སྟོན་ཞུ་རྒྱུ་ཡིན་འདུག དུས་སྟོན་འདི་བཞིན་གོ་སྒྲིག་གནང་མཁན་བོད་ཁང་དང་དྭང་བླངས་པ་མི་གྲངས་ ༡༠༠ ཙམ་གྱིས་རོགས་རམ་ཐོག་ནས་གནང་རྒྱུ་ཡིན་འདུག དུས་སྟོན་དེ་ཐོག་མར་ཕྱི་ལོ་ ༢༠༠༠ ལོར་སྲུང་བརྩི་ཞུས་ཡོད་པ་བཅས།།