༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༥ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དབུ་བཞུགས་ཐོག་དགེ་འདུན་པ་གྲངས་ ༢༠ དང་བཙུན་མ་གྲངས་ ༥ བཅས་ལ་ཧིན་སྐད་ཐོག་ནས་ནང་ཆོས་སློབ་ཁྲིད་གནང་རྒྱུའི་ཟབ་སྦྱོང་འགོ་འཛུགས་གནང་ཡོད། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་བཀའ་ཁྲི་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ས་རཱ་མཐོ་སློབ་ངོ་སྤྲོད་གནང་གྲུབ་བསྟུན་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་གསུང་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ལ་དེང་སྐབས་བོད་ཙམ་མིན་པར་འཛམ་གླིང་གང་སར་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད། ལྷག་པར་རྒྱ་གར་གྱི་ས་གནས་ཨམ་ར་བཱ་ཏི་དང་གུ་ཇུ་རཱཊ། རཱཇི་སི་ཐཱན། བྷི་ཧཱར། མུམ་བྷེ་བཅས་ཀྱི་ནང་ཤེས་ཡོན་ཅན་གྱི་ཁྲོད་དུ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཚོར་མ་འོངས་པར་དགོས་མཁོ་བྱུང་ཚེ་ཧིན་སྐད་ཐོག་ནང་ཆོས་སློབ་ཁྲིད་བྱེད་རྒྱུའི་མཐུན་འགྱུར་སྐྲུན་ཆེད་ཟབ་སྦྱོང་དེ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང། དེ་རྗེས་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་དོན། ཟབ་སྦྱོང་འདི་དགེ་རྒན་ཉིན་མོ་དང་མ་བསྒྲིགས་ལྷུན་གྲུབ་བྱུང་བ་དེས་ཕྱོགས་གཅིག་ནས་རྟེན་འབྲེལ་བཟང་པོ་ཞིག་ཡིན། སངས་རྒྱས་ཀྱི་བསྟན་པ་མདོ་སྔགས་ཆ་ཚང་བ་དེང་སྐབས་བོད་སྐད་ལས་གཞན་སྐད་ཡིག་གང་དུའང་རྙེད་དཀའ་བ་ཞིག་ཡིན། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལྟར་ནང་ཆོས་ཀྱི་ལྟ་གྲུབ་དང་། ནང་ཆོས་ཀྱི་ཚན་རིག ནང་པ་སངས་རྒྱས་པའི་ཆོས་བཅས་དབྱེ་བ་གསུམ་དུ་ཕྱེ་བའི་དེང་སྐབས་ཕྱི་ནང་ཡུལ་གྲུ་གང་སར་ནང་པའི་ལྟ་གྲུབ་དང་ནང་པའི་ཚན་རིག་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད། ལྷག་པར་རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་མུམ་བྷེ་གཙོས་གྲོང་ཁྱེར་མང་པོའི་ནང་ཤེས་ཡོན་ཅན་གྱི་མི་སྣའི་ཁྲོད་དོ་སྣང་ཇེ་ཆེར་འགྲོ་བཞིན་པར་བརྟེན་རྒྱ་གར་ཡུལ་མི་ཚོའི་ཁྲོད་ནང་ཆོས་ལ་དོ་སྣང་གནང་མཁན་ཚོར་མ་འོངས་པར་དགོས་མཁོ་བྱུང་འཕྲལ་ང་ཚོས་དགེ་རྒན་ད་ལྟ་ནས་གྲ་སྒྲིག་བྱེད་དགོས། དེ་བཞིན་བཀའ་ཁྲི་མཆོག་གིས་དྲུག་གི་ཟབ་སྦྱོང་དེའི་རིང་ཐོག་མར་ཟླ་བ་གསུམ་ཟབ་སྦྱོང་བ་ཚོས་ཧིན་སྐད་ཐོག་བྲིས་པའི་ནང་པའི་གཞུང་ལུགས་རྣམས་ལ་དམིགས་བསལ་དོ་སྣང་དགོས་པ་དང་དེབ་གང་མང་ཀློག་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དེ་རྗེས་ཟླ་བ་གསུམ་ནང་གང་བྱེད་དགོས་མིན་རྒྱ་གར་ནང་པའི་མཁས་དབང་ཁག་གཅིག་དང་གོ་བསྡུར་གྱིས་ཐག་གཅོད་གནང་རྒྱུ་ཡིན་སྐོར་དང། ཕྱོགས་མཚུངས་སྐབས་དེར་བཀའ་ཁྲི་མཆོག་གིས་ཟབ་སྦྱོང་བ་ཚོར་སངས་རྒྱས་ཀྱི་བསྟན་པ་ཁོ་ནར་དམིགས་ཏེ་ཟབ་སྦྱོང་ནང་མཉམ་ཞུགས་དགོས་པ་ལས་སྒེར་གྱི་ལྟོ་གོས་གཏམ་གསུམ་ཙམ་ལ་དམིགས་ན་ཟབ་སྦྱོང་གི་དགོས་དོན་མ་སྒྲུབ་པ་ཡིན་སྐོར་གསུངས། དེ་རྗེས་ཆོས་རིག་དྲུང་ཆེས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་སྐབས་ས་རཱའི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ ཙམ་མཉམ་ཞུགས་གནང་ཡོད།།