༢༠༡༠ ཟླ་ ༩ ཚེས་ ༦རེས་གཟའ་ཟླ་བ།
༄༅། །འདི་གར་ལྡི་ལི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་གངས་ལྗོངས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་མང་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་ཆེ་བ་བསྐྱངས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་གཞུང་འབྲེལ་དུས་ཆེན་གྱི་མཛད་སྒོ་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ལྡི་ལི་ཁུལ་གྱི་སྲི་ཞུའི་ལས་བྱེད་རྣམ་པ། ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་གི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ས་གནས་བོད་ཁྱིམ་ཉིན་སློབ་ཁང་གི་འགན་འཛིན་གྱི་གཙོས་དགེ་ལས་སློབ་ཕྲུག་རྣམས་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་ཁུལ་སྡོད་སེར་སྐྱ་མི་མང་རྣམས་རང་ལུགས་ཀྱི་ཆས་གཟབ་མཆོོར་ལེགས་པར་གྱོན་ཏེ་ས་གནས་བོད་ཁྱིམ་ཉིན་སློབ་ཏུ་འདུ་འཛོམས་ཀྱིས་བསངས་གསོལ་བཏང་བ་དང་ཆབས་ཅིག་ལྷ་རྒྱལ་འཐེན། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སློབ་གྲྭའི་ཚོགས་ཁང་ནས་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིར་འཁོད་མཚམས་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་ས་གནས་འགོ་འཛིན་གྱི་ལས་ཚབ་ལས་དྲུང་ནས་མཛད་སྒོ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སྟེ་ས་གནས་བོད་ཁྱིམ་ཉིན་མོའི་སློབ་ཕྲུག་རྣམས་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོ་གསར་གཞས་བཏང་གྲུབ་རྗེས། འདི་ལོ་སྐྱེ་རྒུ་མདོར་ས་འགུལ་གྱི་འཇིག་པའི་འོག་བོད་མི་མང་པོ་འདས་གྲོངས་སུ་གྱུར་བ་རྣམས་དང་། ཉེ་ལམ་བོད་མདོ་སྨད་འབྲུག་ཆུ་རྫོང་གི་གཙོས་འཛམ་གླིང་ས་ཕྱོགས་གང་སར་ཆུ་ལོག་དང་ས་རུད་ཀྱི་གོད་ཆག་འོག་བོད་མི་གཙོས་པའི་མི་མང་པོར་གོད་ཆག་ཚབས་ཆེན་ཕོག་པ་རྣམས་དང་རྗེས་ཤུལ་ནང་མི་སྤན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་མྱ་ངན་གུུས་འདུད་དང་ངག་བཅད་སྐར་མ་གཅིག་གནང་རྗེས་བོད་སྒར་བསམ་ཡས་གླིང་བརྒྱ་འཐུས་ཡིག་ཚང་ནས་མཛད་སྒོར་ཕེབས་པ་ཡོངས་ལ་གསོལ་ཇ་དང་འབྲས་སིལ་ཕུལ། དེ་ནས་ས་གནས་འགོ་འཛིན་གྱི་ལས་ཚབ་ནས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་འཚམས་འདྲི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་རྗེས་སྐུ་མགྲོན་གཙོ་བོས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ལྷན། བླང་དོར་གྱི་གསུང་བཤད་གནང་ཡོད་པ་བཅས།།