༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འདི་གར་བཀའ་དྲུང་ཡིག་ཚང་ནས་བཏང་གནས་ནང་འཁོད་དོན། སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་བཀོད་མངགས་དང་འོས་བསྡུ་ཆེན་མོའི་ལས་རིམ་ལྟར་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥།༢༦ ཉིན་གཉིས་རིང་བཀའ་ཡིག་དྲུང་འཕར་ཚེ་རིང་དབང་ཕྱུག་ལགས་ཀྱིས་ཨོ་རི་ས་ཕུན་ཚོགས་གླིང་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་སྟེ་ས་གནས་འོས་བསྡུའི་ཚོགས་གཙོ་སོགས་ཀྱི་མཐུན་འགྱུར་གང་ལེགས་དང་བཅས་སྔ་རྗེས་སུ་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ལས་ཁང་གི་གཞིས་གྲོང་དང་པོ་ནས་ལྔ་པའི་བར་ས་གནས་སུ་གནས་སྡོད་བོད་མི་གྲངས་ ༣༧༧ ཙམ་ལ། བཀའ་ཁྲི་སྐབས་ ༣ པ་དང་། སྤྱི་འཐུས་སྐབས་ ༡༥ པའི་སྔོན་འགྲོ་དངོས་གཞིའི་འོས་བསྡུའི་ལས་དོན་སྐོར། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོའི་ལས་རིམ་དང་འབྲེལ་བའི་ཐོག་སློབ་སྟོན་བྱ་རྒྱུའི་དོན་ཚན་ ༡༦ ཡིག་ཐོག་ཏུ་འཁོད་པ་གཞིར་བཟུང་མང་ཚོགས་ལ་སློབ་སྟོན་གསལ་བཤད་མ་གོ་མཐོས་མེད་པ་ཞུས་ཏེ་ད་རེས་ཀྱི་འོས་བསྡུའི་ལས་དོན་བདེ་བརླག་ངང་བསྒྲུབས་ཐུབ་པའི་རེ་བ་ཞུས་མཚམས། མང་ཚོགས་ནང་མི་རྒན་གཞོན་ཁག་ཅིག་ནས་བཀའ་བློན་ཁྲི་པའི་འོས་གཞི་དང་སྤྱི་འཐུས་འོས་གཞི་འདྲ་མིན་ཡོང་སྐོར་དང། སྤྱི་འཐུས་ཀྱི་ཡུན་ཚད་སོགས་དྲི་བ་བྱུང་བ་རྣམས་ལའང་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་འགྲེལ་བརྗོད་ཁ་གསལ་བློ་ངོར་ཆུད་ངེས་ཞུས་པར་མང་ཚོགས་ནས་ད་རེས་གསལ་པོ་བྱུང་སོང་ཞེས་ཐུགས་རྗེ་ཆེ་ཞུ་མཁན་ཡང་བྱུང་འདུག་པ་བཅས།།