༢༠༡༠ ཟླ་ ༩ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །འདི་གར་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཡིག་ཚང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༩ ཉིན་བཏང་འབྱོར་བྱུང་བའི་ནང་གསལ་ལྟར་ན། སྐུ་ཞབས་དགོན་གསར་དབང་འདུས་ཕུན་ཚོགས་ལགས་ནི་སྟོད་ཤེལ་དཀར་རྫོང་རྒྱལ་ནོར་ཚང་དུ་སྤྱི་ལོ་ ༡༩༥༤ ལོའི་ཟླ་བ་གཉིས་པའི་ཚེས་ ༢༤ ཉིན་སྐུ་བལྟམས། བསྟན་དགྲ་དམར་པོས་བསིལ་ལྡན་ཁ་བའི་རྒྱལ་ཁམས་ལ་དབང་བསྒྱུར་རྗེས། བཙན་བྱོལ་བོད་མི་ཀུན་གྱི་ལས་དབང་བཞིན་འཕགས་ཡུལ་དུ་སྐྱབས་བཅོལ་དུ་འཁོད་ནས། སྒེར་གཉེར་དབྱིན་ཇིའི་སློབ་གྲ་བེརོནལེཡེ། ཁྲཝརསེ། ཁེམབེརེཇི་ (Branleigh Towers Cambrige) གཙུག་ལག་སློབ་གྲས་བོད་ཕྲུག་ཁག་ཅིག་ལ་སློབ་ཡོན་སྦྱར་ཁོངས་སུ་འདེམས་ཐོན་བྱུང་བ་བཞིན་ཤེས་ཡོན་སློབ་སྦྱོང་གི་སྐལ་བཟང་ཐོབ་ཅིང་། ཕྱིས་རྒྱ་གར་ནཱནིཏལ། (Nanital) ཤེརཝུཀྲི་ (Sherwood) མཐོ་སློབ་ཏུ་གནས་སྤོས་གནང་ནས། སྤྱི་ལོ་ ༡༩༧༣ ལོའི་ཟླ་བ་བཅུ་གཉིས་པའི་ནང་མཐོ་སློབ་དེ་ནས་ལེགས་ཐོན་བྱུང་། སྤྱི་ལོ་ ༡༩༧༨ ལོར་ཁོང་གིས་སྒྱུ་རྩལ་རིག་གནས་རབ་འབྱམས་པའི་ཕྱག་ཁྱེར་བཞེས་ཤིང་། ཕྱིས་སྤྱི་ལོ་ ༡༩༩༦ ལོར་གཙུག་ལག་སློབ་གཉེར་ཁང་གི་རྒྱུན་མཐུད་ཤེས་ཡོན་དང་ཡིག་འགྲུལ་བརྒྱུད་རིམ་སྡེ་ཚན་ནས་སྒྱུ་རྩལ་སློབ་དཔོན་གྱི་ཕྱག་ཁྱེར་བཞེས། སྤྱི་ལོ་ ༡༩༧༧ ལོར་བོད་གཞུང་བཀའ་ཤག་གི་གོ་སྒྲིག་འོག་ཟླ་དྲུག་རིང་བོད་གཞུང་ནས་མཐུན་རྐྱེན་སྩལ་ཏེ་ཆབ་སྲིད་འཛིན་སྐྱོང་ལ་མཁོ་གནད་ཆེ་བའི་དམིགས་བསལ་ལས་རིགས་ཀྱི་སློབ་སྦྱོང་མཇུག་གཙང་གནང་བར་བོད་གཞུང་བཀའ་ཤག་ནས་གཟེངས་བསྟོད་ཕྱག་འཁྱེར་གསོལ་བསྩལ་གནང་ཡོད། དུས་དེ་ནས་བཟུང་ཁོང་གི་སྐུ་ཚེའི་དམིགས་འབེན་དེ་བོད་ཕྲུག་རྣམས་ལ་ཁ་ཚ་དགོས་གཏུགས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲད་རྒྱུའི་ཕྱོགས་སུ་འཁོར་བར་གྱུར། ཕྱི་ལོ་ ༡༩༧༧ ནས་ ༡༩༨༩ བར་རྒྱ་གར་མ་སུ་རི་བོད་ཁྱིམ་དུ་ཕྱག་ལས་གནང་ཞིང་། དེར་ཨེསེཨོསེ་(SOS )ཡི་རོགས་སྐྱོར་སྡེ་ཚན་གྱི་དྲུང་ཡིག་དང་རིམ་པས་འགན་འཛིན་ལས་རོགས་སུ་གནས་སྤར་བྱུང་། ཞབས་ཡུན་དེའི་རིང་སྤྱི་ལོ་ ༡༩༨༠ ནས་ ༡༩༨༢ དང་༡༩༨༢ ནས་༡༩༨༥ལོ་བསྟུད་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་ཐུགས་འགན་བཞེས། སྤྱི་ལོ་ ༡༩༨༩ ལོར་བོད་གཞུང་ཤེས་རིག་ལས་ཁུངས་སུ་གཞུང་ཞབས་ཁོངས་གནས་སྤོས་ཀྱིས་སྤྱི་ལོ་ ༡༩༩༣ བར་ཤེས་ཡོན་ལས་གཞིའི་སྟེང་ཕྱག་ལས་གནང་། སྤྱི་ལོ་ ༡༩༩༢ ལོར་བཙན་བྱོལ་བོད་གཞུང་གི་དུས་རིང་གཅིག་བསྡུས་ཀྱི་འཆར་གཞི་དང་པོ་བཟོ་འགོད་ཀྱི་ཐུགས་འགན་གཟེངས་སུ་ཐོན་པ་གནང་བར་བོད་གཞུང་འཆར་འགོད་ལས་ཁུངས་ནས་གཟེངས་ཐོན་ཕྱག་ཁྱེར་བསྩལད། སྤྱི་ལོ་ ༡༩༩༣ ལོར་རྣམ་རྒྱལ་མཐོ་སློབ་ཀྱི་ངེས་སྟོན་པར་བསྐོ་བཞག་བསྩལ། སྐབས་དེ་དུས་བལ་ཡུལ་ཁུལ་དུ་འཛིན་རིམ་བཅུ་གཉིས་ཅན་གྱི་བོད་པའི་སློབ་གྲ་མེད་མོད། ལོ་གཉིས་ཀྱི་རྗེས་ཏེ་སྤྱི་ལོ་ ༡༩༩༥ ལོར་ཁོང་གི་དབུ་འཁྲིད་འོག་རྣམ་རྒྱལ་མཐོ་སློབ་དེ་བཞིན་འཛིན་རིམ་བཅུ་གཉིས་ཅན་གྱི་མཐོ་རིམ་སློབ་གྲ་ཞིག་ཏུ་བསྒྱུར་གནང་མཛད། དེ་ནི་ལོ་རྒྱུས་རང་བཞིན་ཅན་དང་ནམ་ཡང་དྲན་གསོ་བྱ་དགོས་པའི་དུས་ཚིགས་ཤིག་སྟེ། བལ་ཡུལ་རྒྱལ་ཡོངས་སུ་བོད་པའི་མཐོ་སློབ་མེད་པ་ནས་ཡོད་པ་ཅན་དུ་གྱུར་པ་གཅིག་བུ་དེ་ལགས། དུས་དེ་ནས་བཟུང་རྣམ་རྒྱལ་གཞི་རིམ་སློབ་གྲ་དེ་རྣམ་རྒྱལ་མཐོ་རིམ་སློབ་གྲ་ཞེས་པའི་མིང་ཐོགས་པར་གྱུར་པ་ཙམ་དུ་མ་ཟད། བལ་ཡུལ་ཁུལ་སྡོད་བཙན་བྱོལ་བོད་མི་ཚོའི་ཤེས་ཡོན་སློབ་གསོའི་ཐད་མདུན་མཆོངས་ཆེན་པོ་ཞིག་དང་། སློབ་ཕྲུག་ཚོར་དེ་སྔོན་དང་མི་འདྲ་བར་མཐོ་རིམ་གྱི་ཤེས་ཡོན་སྦྱོང་བའི་བསྟི་གནས་ཤིག་ཡོད་པར་གྱུར། སློབ་གྲ་དེ་ནས་ད་བར་སློབ་ཕྲུག་བརྒྱ་ཕྲག་བརྒལ་བར་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱི་སྐལ་བཟང་ཐོབ་ཡོད། ཁོང་གིས་སློབ་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གཅིག་བུ་ཙམ་མ་ཡིན་པར། མི་ཚེའི་མདུན་ལམ་དང་འཚོ་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་འགན་འཁུར་སློབ་སྟོན་གནང་གི་ཡོད། སྒོས་མཚུངས་ངལ་བརྒྱ་འཛེམས་མེད་ཀྱིས་སློབ་ཐོན་ཟིནད་ཅིང་མཐོ་སློབ་བམ་ལས་རིགས་སྦྱོང་བརྡར་དུ་ཞུགས་པའི་སློབ་ཕྲུག་ཚོར་སློབ་ཡོན་བརྩལ་འཚོལ་གྱིས་རིམ་པས་སློབ་ཕྲུག་ཚང་མར་སློབ་ཡོན་སྦྱིན་བདག་རེག་ཐབས་གནང་གི་ཡོད། དེ་བས་སློབ་གྲ་འདི་བརྒྱུད་ཚོང་ལས་དང་། སྨན། འཕྲོད་བསྟེན། སློབ་འཁྲིད། འཛིན་སྐྱོང་། ཁྲིམས་སོགས་ཀྱི་ཐད་རིགས་གཅིག་རྐང་འཛིན་གྱི་གྲུབ་འབྲས་ལེགས་ཐོན་གྱིས་རང་རེའི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་ཐུབ་ངེས་ཀྱི་མི་རབས་གསར་པ་གང་མང་གསོ་སྐྱོང་གནང་ཐུབ་པ་བྱུང་ཡོད། ཁོང་གི་ཕྱག་རྗེས་ནི་རྣམ་རྒྱལ་མཐོ་སློབ་ཁོ་ན་ཙམ་མ་ཡིན་པར་སློབ་གྲྭའི་རྭ་བ་ལས་ཡོངས་སུ་བརྒལ་ཡོད་དེ། ལོ་ངོ་དེ་དག་རིང་ཁོང་གིས་ཉེ་འཁོར་གྱི་གྲོང་མི་ཉམ་ཐག་ལ་འཚོ་བའི་རོགས་སྐྱོར་དང་། ཡུལ་མི་གཞོན་སྐྱེས་ཚོར་ལུས་རྩེད་ཁང་གི་མཐུན་རྐྱེན་སྦྱིན་བདག བེུད་ལས་མེད་ཚོར་ཚེམ་བུའི་སྦྱོང་བརྡར་ཁང་། དེ་བཞིན་སྐྱེ་ཤིང་འཛུགས་པ་དང་། བསྐྱར་བསྐྲུན་ལས་གཞི་ཁག་ལ་མཐུན་སྦྱོར། བྱིས་པ་དབང་པོ་སྐྱོན་ཅན་དང་རྒས་འཁོགས་ནད་གཅོང་བཅས་པར་དུས་ནས་དུས་སུ་སྨན་དང་ཟས་གོས་དུས་ཐོག་ཆར་པ་བཞིན་སྩོལ་བར་མཛད། ལྷག་པར་དུ་རང་བྱུང་དང་སྤྱི་ཚོགས་གཉིས་ཀའི་མཐུན་རྐྱེན་གྱིས་དབུལ་བའི་ཧི་མ་ལ་ཡའི་གྲོང་གསེབ་ལུང་ཁུག་སོ་ལུ་ཁུམ་བུ་དང་། དམའ་ནང་སོགས་སུ་ཆེད་མངགས་ཞབས་ཀྱིས་བཅག་པའམ་བརྒྱུད་ནས་ཁུལ་དེ་དག་ཏུ་དགེ་རྒན་མངགས་གཏོང་དང་། དགེ་རྒན་ཟབ་སབྱོང་། དེ་བཞིན་འཛིན་སྐྱོང་སློབ་སྟོན་སོགས་མས་བུ་ཕྲུག་རྗེས་སུ་འཛིན་པ་ལྟར་གནང་གི་ཡོད། གཞན་ཡང་སྤྱི་ཚོགས་སྟེང་ཚོགས་པ་དང་དགོན་སྡེ་ཁང་། སློབ་ཁག་དུ་མས་གང་དེ་བློ་འདྲི་ཡུལ་དང་སློབ་སྟོན་པར་བཀུར་བ་མ་ཟད། འདི་ག་རྣམ་རྒྱལ་མཐོ་སློབ་ཏུ་བགྲང་བྱ་བཅུ་བདུན་ཙམ་ངེས་སྟོན་པའི་འགན་བཞེས་རིང་ཡང་། དགེ་ལས་རྣམས་ལ་བསྟུན་གཤིབ་མཛུབ་སྟོན་མཁས་ཤིང་། ཀུན་ལ་གཟིགས་སྐྱོང་ཉི་མ་ལྟར་སྙོམ་པ། སློབ་ཕྲུག་ཚོར་རང་གི་བུ་གཅིག་ལྟར་ཤིན་ཏུ་བརྩེ་བས་དུས་ནས་དུས་སུ་སློབ་ཕྲུག་གི་ཉལ་ཁང་དང་ཞལ་ལག་ཁང་། ཐབ་ཚང་། གཞན་ཡང་ཁོར་ར་ཁོར་ཡུག་ཀུན་ལ་ཞབས་ཀྱིས་བཅག་སྟེ་སློབ་མར་ཕན་པ་ཞིག་ཡིན་ཕྱིན་ཐབས་རྣམ་དུ་མས་ཅི་ཞིག་བསྒྲུབ་དགོས་ཀྱང་སྒྲུབ་པར་བརྩོན་པ་ཞིག་ཡིན་པས། དགེ་ལས་སློབ་ཕྲུག་ཀུན་གྱིས་ང་ཚོའི་སྐུ་ངོ་ལགས་ཞེས་རང་གི་ཕ་གཅིག་ལྟར་གོང་བཀུར་བཀའ་བཞིན་སྒྲུབ་པ་མ་ཟད། བོད་པའི་སྤྱི་ཚོགས་ཙམ་མ་ཟད་ཕྱི་རྒྱལ་གྱི་འབྲེལ་ཡོད་སྦྱིན་བདག་དང་བལ་ཡུལ་གྱི་ཡུལ་མི་ཚོས་ཀྱང་ཡི་རང་བསྔགས་བརྗོད་མི་བྱེད་པ་གཅིག་ཀྱང་མེད་པ་ལྟ་བུ་ཡིན། ཁོང་གི་དབུ་ཁྲིད་འོག་སྤྱི་ལོ་ ༢༠༠༤ ལོར་བལ་ཡུལ་ཀནདིཔུར་དཔེ་སྐྲུན་ཁང་གིས་བལ་ཡུལ་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཅན་ ༡༠༡༨ གྱི་ཤེས་ཡོན་གནས་བབ་ལ་དཔྱད་ཞིབ་བྱས་པའི་ནང་རྣམ་རྒྱལ་མཐོ་སློབ་དེ་བཞིན་ཨང་རིམ་དང་པོར་འདེམས་ཐོན་བྱུང་བ་དེ་གའི་བརྙན་དེབ་ཐོག་འཁོད་ཅིང་། ཡང་སྤྱི་ལོ་ ༢༠༠༨ ལོར་སླར་ཡང་སམཡ་ (Samaya) དུས་བབ་བརྙན་དེབ་ཐོག་ཨང་རིམ་དང་པོའི་ནང་འདེམས་བཀོད་བྱུང་ཡོད། དེ་ནི་གཙོ་བོ་ལོ་རེའི་རྒྱུགས་འབྲས་ཙམ་མ་ཡིན་པར། སློབ་གྲའི་མཐུན་རྐྱེན་དང་གནས་བབ་མང་པོར་ཕྱོགས་སྡོམ་དཔྱད་ཞིབ་བྱས་པ་ཞིག་རེད། འདི་ལྟའི་གྲུབ་འབྲས་ནི་བཙན་བྱོལ་བོད་མི་ཡོངས་ཀྱི་སྤོབས་པ་ཡིན་ཞིང་། བོད་མི་ཚོ་ཡང་མི་རིགས་གཞན་དང་འདྲ་བར་དེང་རབས་ཀྱི་མཚམས་ཐིག་ཐོག་གོམ་པ་སྤོས་ཟིན་པའི་དུང་སྒྲ་གྲག་པ་ཞིག་རེད། དེ་ལྟ་བུའི་ཁོང་གི་མཛད་རྗེས་ལ་རང་རེའི་སྤྱི་ཚོགས་དང་གཞན་གྱི་སྤྱི་ཚོགས་ནས་ཀྱང་སྣང་མེད་བསྐྱུར་འཇོག་མ་ཡིན་པར་བྱས་པ་དྲིན་དུ་ཤེས་ཏེ་གཟེངས་བསྟོད་ཕྱག་ཁྱེར་གྲངས་ཀྱིས་མི་ཟིན་པ་ལྟར་ཕུལ་ཡོད་པ་ལས་འདིར་དཔེར་མཚོན་ཙམ་གྲངས་ན། སྤྱི་ལོ་ ༢༠༠༤ ལོའི་༸གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན་ཏེ། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བུ་ཕྲུག་ལ་ཤེས་ཡོན་སློབ་སབྱོང་གཟེངས་ཐོན་གནང་སྟེ་བགྲང་བྱ་ཧྲིལ་པོ་ཉེར་ལྔ་སོང་བའི་གཟེངས་རྟགས་ཕྱག་ཁྱེར་དང་། དེ་བཞིན་དུ་ཡར་ཀླུང་མཐུན་ཚོགས་ཀྱིས་སྤྱི་ལོ་ ༢༠༠༦ ལོར་རང་འདོད་བསྐྱུར་ཏེ་བཙན་བྱོལ་བུ་ཕྲུག་ལ་གཟེངས་སུ་ཐོན་པའི་ཤེས་ཡོན་བསྩལ་བ་ཞེས་པའི་གཟེངས་བསྟོད་ཕྱག་ཁྱེར། ཕྱི་ལོ་ ༢༠༠༩ ལོར་བལ་ཡུལ་མ་ཁེ་སེ་ལེ་ཉིན་རིང་ལུགས་པའི་སྲིད་འཛིན་སྐུ་ཞབས་ (Jhalanath Khanal) མཆོག་གིས་བལ་ཡུལ་ནང་ཤེས་ཡོན་གཟེངས་ཐོན་གྱི་གྲུབ་འབྲས་ཞེས་པའི་གཟེངས་བསྟོད་ཕྱག་ཁྱེར། སྤྱི་ལོ་ ༢༠༡༠ ལོ་སྟེ་དམ་པ་གང་འཇིག་རྟེན་ཕྱི་མར་མ་གཤེགས་ཙམ་གྱི་ཟླ་བ་གཅིག་ཙམ་གྱི་ཡར་སྔོན་དུ་བལ་ཡུལ་ཀཐམནགྲུ་མཆོད་འཇོར་ས་གནས་འགོ་འཛིན་གྱིས་སྐྱབས་བཅོལ་བོད་ཕྲུག་ལ་ཤེས་ཡོན་སབྱར་བར་ལྷ་དར་དང་གཟེངས་བསྟོད་ཁྱག་ཁྱེར་བརྩལ་བ་སོགས་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྒེར་ཁག་ནས་ཡི་རང་གནས་འཕྲིན་མང་དུ་བསྩལ་བ་ནི། སྐུ་སྒེར་ཡིག་ཚང་དང་། ཤེས་རིག་ལས་ཁུངས། ཆོས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། བོད་གཞུང་བཀའ་ཤག ཨེ་སེ་ཨོ་ཨེ་སེ་ (Mr. Helmut Kutin-President SOS KDI) འགན་འཛིན་སྐུ་ཞབས་ཧེལམཀྲི་ཀུཀྲིན། བལ་ཡུལ་ཨེ་སེ་ཨོ་ཨེ་སེ་ (SOS) གངས་ཅན་བདེ་རྩ། བལ་ཡུལ་གཞུང་གི་མཐོ་རིམ་ཤེས་ཡོན་འཛིན་ཚོགས། བལ་ཡུལ་རྫོང་ལས་ཁུངས་ཀྱི་ཤེས་རིག་ལྷན་ཁང་། བལ་ཡུལ་སློབ་ཕྲུག་ཚོགས་པ། བལ་ཡུལ་སློབ་གྲའི་སྡེ་ཁག་ལྷན་ཚོགས། བལ་ཡུལ་སྐྱབས་བཅོལ་བོད་མིའི་ལས་ཁུངས། རྡ་ས་བོད་ཕྲུག་ཁྱིམ་སྡེ། བལ་ཡུལ་ཇོ་ཁེལ་རུམ་གདན་བཟོ་གྲ། བལ་ཡུལ་གློ་སྒྲིག་བདེ་དོན། བལ་ཡུལ་སྤོག་ར་བཀྲིས་འཕེལ་རྒྱས་གླིང་གཞིས་ཆགས། བལ་ཡུལ་དབང་སྐྱོན་བསྐྱར་བཅོས་བསྟི་གནས། བལ་ཡུལ་དབང་པོ་སྐྱོན་ཅན་ཚོགས་པ། བལ་ཡུལ་གོ་ཀརཌྷའི་གཞོན་ནུ་བདེ་ཚོགས། གོ་ཀརཌྷ་གཞོན་ནུའི་ཚོགས་པ། བལ་ཡུལ་དཔའ་བོ་རྗེས་དྲན་གླིང་ཁའི་བཟོ་སྐྲུན་ཁང་། བལ་ཡུལ་གོཀརཌྷའི་གྲོང་གསེབ་འཛུགས་སྐྲུན་ལྷན་ཚོགས་སོགས་སོ།། འདུས་བྱས་ཐམས་ཅད་མི་རྟག་པ་དང་། སྐྱེ་བའི་རྗེས་ལ་འཆི་བ་ཞེས་པའི་གནས་ལུགས་འདི་མ་བསམ་ས་ནས་ང་ཚོའི་མགོ་ཐོག་ཏུ་ལྷུངས་ཏེ། སྤྱི་ལོ་ ༢༠༡༠ ཟླ་བ་བརྒྱད་པའི་ཚེས་༥ ཡི་དགོང་མོར་དམ་པ་གང་གློ་བུར་དུ་སྙིང་གི་སྙུན་གཞིས་རྐྱེན་བྱས་ཏེ་ང་ཚོ་དང་ནམ་ཡང་ཞལ་གྱེས་ཞུས། དེ་ནི་རྣམ་རྒྱལ་མཐོ་སློབ་ཙམ་མ་ཡིན་པར་བོད་པའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་ཧི་མ་ལ་ཡ་གཙོ་བོར་གྱུར་པའི་བལ་ཡུལ་བོད་དམངས་རྣམས་ཀྱི་མགོན་སྐྱབས་ཤིག་མེད་པར་གྱུར་པ་ཡིན། འདི་ལྟའི་བཀྲ་མི་ཤིས་པའི་གནས་ཚུལ་འདི་ཁྱུག་ཙམ་ལ་འཛམ་གླིང་ཤར་ནུབ་ཀུན་དུ་ཁྱབ་སྟེ། བལ་ཡུལ་ཁུལ་གྱི་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། དགོན་སྡེ་ཁག་གི་བླ་སྤྲུལ། སློབ་གྲ་ཁག་གི་དབུ་འཛིན་དང་དགེ་རྒན་ལས་བྱེད། གཞུང་འབྲེལ་མ་ཡིན་པའི་འགན་འཛིན་དང་ལས་བྱེད། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ། རྒྱལ་སྤྱིའི་ཨེ་སེ་ཨོ་ཨེ་སེ་ (SOS) ཡི་འགན་འཛིན་ལས་ཚབ་དང་། བལ་ཡུལ་ཨེ་སེ་ཨོ་ཨེ་སེ་(SOS) ཡི་འགན་འཛིན། ཡུལ་མིའི་སྐུ་ཚབ། སློབ་ཟུར་གྲངས་མེད་སོགས་བློ་ཕམ་དང་མྱ་ངན་གྱིས་ནོན་ཏེ་གཅིག་ལས་གཅིག་མགྱོགས་ཀྱི་དམ་པ་གང་གི་བཞུགས་གནས་སུ་བཅརད་ཅིང་། རང་རང་གང་ནུས་ཀྱིས་རྗེས་འཇུག་བསྒྲུབས་པ་མ་ཟད། འཆི་བ་ཀུན་ལ་ཡོད་ཀྱང་འཆི་སྟངས་མི་འདྲ་བ་ཞིག་སྟེ། པུར་སྦྱིན་སྲེག་གི་ཞོགས་པའི་ཐོ་རེངས་ནས་གོང་གསལ་བཙན་བྱོལ་བོད་གཞུང་གི་མཛད་གཙོས་གཙོ་བོར་གྱུར་པའི་སེར་སྐྱ་མི་དམངས་སྟོང་ཕྲག་བརྒལ་བས་ལག་ཏུ་ལྷ་དར་དང་། མེ་ཏོག་སོགས་བསྣམས་ཤིང་མོ་ཊ་དང་སྦག་སྦག་སོགས་བརྒྱ་ཕྲག་ལྷག་གིས་བསྔུན་བསུས་ཏེ་གཟི་བརྗིད་ངང་དམ་པ་གང་གི་རྣམ་ཤེས་བདེ་བར་ཕེབས་སྐྱེལ་ཞུས། སྐྱེ་འཆི་ལ་ངེས་པ་མེད་པའི་གནས་ལུགས་འདིས་འདི་ལྟར་རྣམ་རྒྱལ་མཐོ་སློབ་དྭ་ཕྲུག་ཏུ་བསྐྱུརད་ཅིང་། ༸གོང་ས་དོན་གྱི་བདག་པོའི་བཀའ་བཞིན་སྒྲུབ་པའི་བོད་མི་རིགས་ཀྱི་དཔའ་བོ་བཟང་པོ་ཞིག་འཇིག་རྟེན་འདི་ནས་ཡལ་བར་གྱུརད་ཀྱང་། ཁོང་གི་མཛད་རྗེས་དང་བསླབ་བྱ་བཟང་པོ་རྣམས་ནམ་ཡང་ལོ་རྒྱུས་ཀྱི་རྡོ་རིང་ལས་ཟུབ་མེད་དུ་འཆར་སྲིད་ལ། ཁོང་གི་རྣམ་ཤེས་ང་ཚོ་དང་དུས་གཏན་དུ་མི་ཉམས་པར་གནས་ངེས་ལགས་སོ།།