༢༠༡༠ ཟླ་ ༩ ཚེས་ ༣ རེས་གཟའ་པ་སངས།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་སེར་བྱེས་མཁས་སྙན་གྲྭ་ཚང་ཆོས་རའི་མདུན་ཐང་དུ་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་ཆེན་མཛད་སྒོ་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་དབུས་ཤར་བྱང་ཆོས་རྗེ་རྣམ་གཉིས། ཕྱི་རྒྱལ་གྲོས་ཚོགས་ཁག་གི་སྐུ་མགྲོན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ས་གནས་འགོ་འཛིན་རྣམ་པ། ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པ། གདན་ས་གསུམ་གྱི་མཁན་ལས་རྣམ་པ། སེ་ར་བྱེས་སྨད་ཀྱི་དགེ་འདུན་པ་རྣམ་པ། རྒྱ་བལ་འབྲུག་གསུམ་གྱི་དབུས་ཚོགས་བཅར་རྣམ་པ། གཞིས་ཆགས་གསར་འཛུགས་རྗེས་དྲན་ཆེད་ལུགས་བདེ་གཞིས་ཆགས་གཉིས་ཀྱི་བགྲེས་སོང་དགུང་ལོ་ ༧༥ བརྒལ་བ་རྣམ་པ། སློབ་གྲྭ་ཁག་གི་སློབ་ཕྲུག་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་མི་གྲངས་ཁྲི་ཕྲག་བརྒལ་བའི་དབུས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་མཆོག བཀའ་ཁྲི་མཆོག སྤྱི་འཐུས་ཚོགས་གཞོན་མཆོག་བཅས་ཀྱི་སྤོས་སྣེས་སྔོན་བསུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་ཚོགས་མགོན་དུ་༸ཞབས་སོར་འཁོར་རྗེས་མཛད་སྒོའི་ཐོག་མར་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང།
དེ་རྗེས་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་བློས་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་འདི་ལོ་སྐྱེ་རྒུ་མདོར་ས་ཡོམ་དང་། དེ་བཞིན་མདོ་སྨད་འབྲུག་ཆུ་ཁུལ་དུ་ས་རུད། གཞན་ཡང་འཛམ་གླིང་གང་སར་འབྱུང་བའི་རང་བཞིན་འབྱུང་བའི་འཇིག་པས་མི་གྲངས་མང་པོ་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་རྗེས་དྲན་མྱ་ངན་གུས་འདུད་སྐར་མ་གཅིག་གནང་གྲུབ་མཚམས་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག་དང་། བཀའ་ཁྲི་མཆོག་གི་དཔེ་དེབ་ཁག་ཅིག་དབུ་འབྱེད་གནང་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་བདེ་སླར་ཉིན་སློབ་སློབ་ཕྲུག་རྣམས་ཀྱིས་མང་གཙོ་གསར་བཞད་ཀྱི་གླུ་གཞས་བཏང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་རྒྱལ་གྲོས་ཚོགས་ཀྱི་སྐུ་མགྲོན་རྣམས་ཕེབས་བསུ་དང་སྦྲགས་རེ་རེ་བཞིན་ངོ་སྤྲོད་མདོར་བསྡུས་གནང་མཚམས་དུས་དྲན་དང་འབྲེལ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་དང་བཀའ་བློན་ཁྲི་པ་མཆོག་གིས་དུས་དྲན་འབྲེལ་བའི་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས་ཡུ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ (Thomas Mann) ལགས་ཀྱིས་དབུས་གྲོས་ཚོགས་སྐུ་མགྲོན་ཁག་གཅིག་ནས་གསུང་བཤད་གནང་རྗེས་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཊ་ཀའི་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ (Rama Chandra) ལགས་ཀྱིས་ཡུལ་སྲོལ་གྱི་དབུ་ཞྭ་ཞིག་དང་སྐུ་གཟན་ཞིག་༸གོང་ས་མཆོག་ལ་འབུལ་ལམ་བཞུས་ཏེ་གསུང་བཤད་གནང་།
དེ་ནས་མུ་མཐུད་གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པས་གསུང་བཤད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀྲིན་ཆེ་བ་སྩལ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སེ་ར་ཆོས་སྒར་གྱི་གྲྭ་ཚང་ཁག་གིས་དབུས་ལུགས་བསམ་གཉིས་ཀྱི་གཞིས་ལས་ཁང་ནས་རོགས་རམ་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་མཛད་སྒོ་རྒྱལ་ཁའི་ངང་གྲོལ།།