༢༠༡༠ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༡ ནས་ཕྱི་ཟླ་ ༩ ཚེས་ ༢ བར་རྒྱ་གར་ལྷོ་ཕྱོགས་སེ་ར་ཆོས་སྒར་དུ་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས། བཙན་བྱོལ་ནང་གི་འགྲུལ་བཞུད་ཅེས་པ་དང་། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ་ཞེས་པའི་པར་རིགས་ཀྱི་ལམ་ནས་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་གནང་ཡོད། དེ་ཡང་ཕྱི་ཚེས་ ༣༡ སྔ་དྲོ་ཆུ་ཚོད་ ༩ ཐོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་པར་རིགས་འགྲེམས་སྟོན་དེ་དབུ་འབྱེད་གནང་ཡོད། དེ་རྗེས་འགྲེམས་སྟོན་གནང་སྐབས་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྣམས་དང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ལྷན་ཞུགས་གནང་བའི་འབྲེལ་ཡོད་མི་སྣ་ཁག སེ་ར་བྱེས་སྨད་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་དང་གཞན་ཡང་དགེ་འདུན་པ། ཉེ་འཁོར་དུ་རྟེན་གཞི་བྱས་པའི་བོད་པའི་སློབ་གྲྭ་བོད་ཁྱིམ་དང་སྦེལ་ཀོབ་གཏན་སློབ་ཀྱི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་འདུ་འཛོམས་བྱུང་ཡོད་པ་རྣམས་ནས་ཚང་ཁ་ཤིག་ཤིག་གིས་པར་རིགས་ལ་གཟིགས་ཞིབ་དང་། དོགས་དྲིས་སོགས་གནང་སྐབས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་ནས་སྐབས་བབ་འོས་འཚམས་ཀྱིས་ལན་འདེབས་གནང་ཡོད། གཞན་ཡང་སྐབས་དེར་བོད་ཀྱི་གནད་དོན་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་བསྟན་ཡོད་པ་མ་ཟད། ཕྱི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མེ་སོར་ནང་པར་རིགས་ཀྱི་འགྲེམས་སྟོན་གནང་འདུག་པ་བཅས།།