༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ དང་ཚེས་ ༢༡ བཅས་ཉིན་གཉིས་རིང་ཡུ་རོབ་ནང་ཇར་མན་ཡུལ་སྐད་རྒྱག་མཁན་ལུང་པའི་ནང་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ ༣ པ་སྐོང་ཚོགས་གནང་ཡོད་པའི་ནང་ཇར་མ་ནི་དང་ཨོ་སི་ཀྲི་རིཡ་ནང་ཡོད་བོད་རིགས་མི་མང་གི་སྐུ་ཚབ་ཀྱང་ཚོགས་བཅར་གནང་ཡོད། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་སྤྱིའི་སེམས་འཁུར་གྱི་ལས་དོན་ཐད་ནང་ཁུལ་བསམ་ཚུལ་ཤོད་རྒྱུ་དང་མཉམ་རུབ་ཐོག་ལས་དོན་ནུས་པ་ཐོན་ཐབས་གོ་བསྡུར་གནང་ཡོད། ཉིན་དེར་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་ཚོགས་འདུར་མཉམ་ཞུགས་ཐོག་བོད་ཀྱི་ཁོར་ཡུག་ཐད་གཏམ་བཤད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་རྣམས་དངོས་སུ་ཐུག་འཕྲད་བྱས་ཡོད། དེ་བཞིན་བོད་རྒྱ་གྲོས་མོལ་གྱི་ད་ལྟའི་གནས་སྟངས་དང་། རྒྱ་གཞུང་ནས་བོད་ཆེན་པོ་ཞེས་པའི་ཐ་སྙད་དེར་རང་ཕྱོགས་ཀྱི་འགྲེལ་བཤད། ལྷག་པར་རྒྱ་གཞུང་ནས་བོད་ནང་གི་འཛུགས་སྐྲུན་ལས་དོན་ཚོགས་འདུ་ཐེངས་ ༥ ནང་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར། བོད་ཀྱི་ས་ཁུལ་གཞན་གྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་སྐོར། སྐུ་ཚབ་དོན་གཅོད་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ལ་དོན་གནད་གལ་ཆེ་གསུམ་ཐོག་ནན་བརྗོད་ཞུས་པ་གཤམ་གསལ། ཀ༽ ཇར་མན་ཡུལ་སྐད་ཐོག་ནུས་ཐོན་ལས་འགུལ་སྤེལ་ན་ཡུ་རོབ་ནང་དང་ལྷག་པར་ཤར་ཡུ་རོབ་ནང་གི་ཇར་མན་ཡུལ་སྐད་རྒྱག་མཁན་མི་མང་ལ་སྙོབ་ཐུབ་རྒྱུ་ཡིན་སྟབས་གོ་སྐབས་ལེན་དགོས་སྐོར།
ཁ༽ཚོགས་པའི་ཚོགས་མི་གྲངས་འབོར་ཆེ་རུ་གཏོང་ཐུབ་ཚེ་བོད་དོན་ཐད་རྒྱབ་སྐྱོར་ཆེ་བ་དང་། སོ་སོའི་གཞུང་དང་གྲོས་ཚོགས་ལ་གནོན་ཤུགས་སྤྲོད་ཐུབ་རྒྱུ། ག༽ཆབ་སྲིད་ལས་འགུལ་ཐད། གྲོས་ཚོགས་ཀྱི་ཚོགས་མི་དང་གཞུང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ལ་སྐབས་དུས་སོ་སོར་འབོད་སྐུལ་ཞུ་ཡིག་སོགས་གནས་ཚུལ་མཁོ་སྤྲོད་གནང་དགོས་པ།
མཐའ་དོན་རིང་མིན་རྒྱ་གར་མངའ་སྡེ་ཧ་རི་ཡ་ནའི་གྲོང་ཁྱེར་ཕ་རི་དྷ་བད་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཐེངས་ ༦ ཚོགས་གཏན་འཁེལ་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་ནས་ཚོགས་བཅར་བའི་སྡོད་གནས་དང་གསོལ་ཚིགས་རིན་མེད་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་ཞུས་འདུག
ཕྱི་ཚེས་ ༣༠ ཉིན་ཨ་རི་ཨོ་བྷ་མ་སྲིད་གཞུང་ནས་བོད་དོན་ཐད་ཕྱག་ལས་ཇི་གནང་གི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་སུ་ཕུལ་བའི་ཉིན་དེར་སྐུ་ཚབ་དོན་ཁང་ནས་པར་བཤུས་ཀྱིས་ཁྱབ་ཁོངས་ཕྱི་སྲིད་ལས་ཁུངས་ཁག་ལ་མཁྱེན་རྟོགས་དང་ཐུགས་ཞིབ་ཡོང་ཆེད་སྦྲག་ཐོག་ནས་བཏང་ཡོད་འདུག
དེ་བཞིན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོན་རིན་པོ་ཆེ་མཆོག་ཟླ་ ༨ ཚེས་ ༣༠ ཉིན་ཇར་མ་ནི་ཧེ་སེན་མངའ་སྡེའི་བློན་ཆེན་སྐུ་ཞབས་རོ་ནལ་ཀོ་ཤི་མཆོག་ཆབ་སྲིད་ལས་དོན་ནས་རྩ་དགོངས་ཞུས་སྟབས་ཕེབས་སྐྱེལ་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་གྲོང་ཁྱེར་ཝེས་སྦ་ལྷན་དུ་ཕེབས་སྐབས་མངའ་སྡེ་གཞུང་གི་ལས་བྱེད་པ་ཞིག་ཕེབས་བསུར་བཅར་བ་དང་དེ་རྗེས་སྐོར་སྲུང་བའི་སྦག་སྦག་གིས་སྣེ་ཁྲིད་དེ་ཕེབས་འཁོར་ནང་གདན་ཞུས་ཀྱིས་ཆེ་བསྟོད་སྣེ་ལེན་གཟབ་རྒྱས་ཞུས་ཡོད། མཛད་སྒོའི་སྐབས་ཇར་མ་ནི་སྲིད་འཛིན་ལྕམ་སྐུ་ཨན་ཇི་ལ་མར་ཀེལ་མཆོག་ནས་བཀའ་ཁྲི་མཆོག་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་ཧེ་སན་མངའ་སྡེའི་བློན་ཆེན་གསར་པ་སྐུ་ཞབས་ཕོ་ཀར་སྦོ་ཕི་ཡེར་མཆོག་ཀྱང་མཇལ་འཕྲད་གནང་ཡོད། ༣༡ ཉིན་སྔོ་དྲོ་བཀའ་ཁྲི་མཆོག་དང་ཡུ་རོབ་ནང་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་དང་སྐུ་ཚབ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་བཅས་ནས་ཧེ་སན་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་རོ་ནལ་ཀོཀ་མཆོག་ཟུར་དུ་བཀའ་མོལ་གནང་ཆེད་མཇལ་འཕྲད་གནང་བ་དང་། བཀའ་ཁྲི་མཆོག་ནས་ཁོང་ལ་༸གོང་ས་མཆོག་དང་བོད་མི་མང་གི་ཚབ་ཞུས་ཏེ་བོད་མིར་མཛའ་བརྩེ་དང་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བཀྲིན་བླ་མེད་ཆེ་ཞེས་གསུངས་ཡོད། མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་རོ་ནལ་ཀོཀ་མཆོག་ནས་ཀྱང་བཀའ་ཁྲི་མཆོག་ཁོང་གི་ཕེབས་ཐོན་མཛད་སྒོར་ཕེབས་ཐུབ་པར་དགའ་ཚོར་དང་ཁོང་ནས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཞེས་གསུངས། བཀའ་ཁྲི་མཆོག་ཚེས་ ༣༡ ཉིན་རྒྱབ་རྒྱ་གར་གྲོང་ཁྱེར་སྦེང་ལོར་ཕྱིར་ཕེབས་གནང་ཡོད་པ་བཅས།།