༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་གཞུང་གི་གྲོས་ཚོགས་གོང་མའི་ནང་གསོ་རིག་སྨན་བཅོས་ལམ་ལུགས་དེ་བཞིན་རྒྱ་གར་དབུས་གཞུང་གིས་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་ཀྱི་གྲས་སུ་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད། ཕྱི་ལོ་ ༢༠༡༠ ལོའི་རྒྱ་སྨན་མཐུན་ཚོགས་ (Indian Medicine Central Council) ཀྱི་གྲོས་གཞིར་གྲོས་མོལ་གནང་སྐབས་རྒྱ་གར་གཞུང་གི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་གྷུ་ལམ་ན་བྷི་ཨཱ་ཛ་དི་ (Gulam Nabi Azad) མཆོག་གིས་གསུང་དོན། གསོ་རིག་སྨན་བཅོས་ལག་བསྟར་བྱེད་བཞིན་པའི་ས་གནས་ཁག་གི་ནང་རྒྱུན་འཁྱོངས་ཐུབ་ཆེད་གསོ་རིག་སྨན་བཅོས་ལམ་ལུགས་དེར་རྒྱ་གར་དབུས་གཞུང་གི་ངོས་ལེན་ཡོད་པའི་སྨན་བཅོས་ལམ་ལུགས་ཀྱི་གྲས་སུ་འཛུགས་རྒྱུར་གཞུང་གིས་འབད་བརྩོན་རྒྱབ་སྐྱོར་གནང་བ་ཞིག་ཆགས་ཡོད། གསོ་རིག་སྨན་བཅོས་ལམ་ལུགས་དེ་བོད་དང་སོག་པོ་། ཉི་ཧོང་བཅས་ཀྱི་ནང་ལག་བསྟར་བྱེད་བཞིན་པ་མ་ཟད། རྒྱ་གར་གྱི་གཙོས་ཧི་མཱ་ལའི་ས་ཁུལ་ཁག་གཅིག་གི་ནང་དུའང་ལག་བསྟར་བྱེད་མུས་ཡིན། གྲོས་ཆོད་དེས་གནའ་རབས་ཀྱི་སྨན་བཅོས་ལམ་ལུགས་བདག་གཅེས་དང་ཡར་རྒྱས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་གསུང་འདུག་པ་བཅས།།