༢༠༡༠ ཟླ་ ༩ ཚེས་ ༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་གངས་ལྗོངས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་གཞུང་མང་ཡོངས་ལ་མང་གཙོའི་ལམ་སྲོལ་བཟང་པོ་གསོལ་སྩལ་བཀའ་དྲིན་ཆེ་བ་བསྐྱངས་ཏེ་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་གཞུང་འབྲེལ་དུས་དྲན་གྱི་མཛད་སྒོ་སྔ་དྲོའི་ཆུ་ཚོད་ ༩ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭ་ཆེན་མོར་གནང་ཡོད། མཛད་སྒོའི་ཐོག་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། སྲི་ཞུའི་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འགོ་འཛིན། རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག བཞུགས་སྒར་ཁུལ་གནས་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བས་དུས་ཆེན་གྱི་མཛད་སྒོའི་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་ཐོག་མར་བདེ་སྲུང་ལས་ཁུངས་ཀྱི་དྲུང་གཞོན་ཚེ་རིང་དོན་གྲུབ་ལགས་ཀྱིས་མཛད་སྒོ་དབུ་ཚུགས་པའི་ཁྱབ་བསྒྲགས་གནང་སྟེ་
བོད་གཞུང་ཟློས་གར་
ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་སྐབས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས་བོད་གཞུང་ཟློས་གར་ཚོགས་པས་མང་གཙོ་གསར་བཞད་སྐད་གསང་མཐོན་པོས་བཏང་གྲུབ་མཚམས་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་རྒྱུགས་སྤྲོད་ཆེན་པོའི་སློབ་ཚན་སྡེ་ཁག་སོ་སོ་ནང་ཤེས་ཡོན་རྩེ་ཕུད་སློབ་ཕྲུག་གསུམ་ལ་དགའ་ལྡན་ཕོ་བྲང་གི
་གཟེངས་རྟགས་གནང་སྲོལ་ཡོད་པ་ལྟར་འདི་ལོའི་གཟེངས་རྟགས་ཐོབ་པ་ནི།
༡༽ ཚན་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན་རྡ་སྟེང་བོད་ཁྱིམ་གྱི་སློབ་མ།
བསྟན་འཛིན་བློ་བཟང་ལགས། བརྒྱ་ཆ་ ༨༩།༤ མ་འོངས་པར་ཨི་སི་རལ་གྱི་ཨིན་ཇི་ནར་མཐོ་སློབ་ཁང་དུ་སློབ་སྦྱོང་ལ་བསྐྱོད་གཏན་འཁེལ་ཡོད།།
༢༽ སྒྱུ་རྩལ་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན། གྷོ་པཱ་པུར་བོད་ཁྱིམ་གྱི་སློབ་མ། པདྨ་སྒྲོལ་དཀར་ལགས།
བརྒྱ་ཆ་ ༨༩།༦ ད་ལྟ་ལྡི་ལི་ལེ་ཌི་ཤྲི་རམ་མཐོ་སློབ་ཁང་དུ་(Lady Shri Ram College) སློབ་སྦྱོང་གནང་མུས་དང་། ༣༽ ཚོང་རིག་སྡེ་ཚན་ཁོངས་ནས་ཨང་རིམ་དང་པོ་ཐོབ་མཁན། སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ། བསྟན་འཛིན་ཆོས་སྒྲོན་ལགས། བརྒྱ་ཆ་ ༩༠།༦ ད་ལྟ་བྷེང་ལོར་སེན་ཇོ་སབ་ཚོང་རིག་མཐོ་སློབ་ཁང་དུ་(St.Jhosephs Commerce College Banglore སློབ་སྦྱོང་གནང་བཞིན་པ་ཡོད་པ་རེད།
ཁོང་རྣམས་ཡིག་རྒྱུགས་ཡང་རྩེར་སོན་པའི་གཟེངས་རྟགས་ཕྱག་འཁྱེར་དང་། བྱ་དགའི་དངོས་པོ་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ངོ་སྤྲོད་དང་འབྲེལ་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཁག་སོ་སོར་གནང་།
དེ་ནས་བོད་གཞུང་ཤེས་རིག་ཁྱབ་ཁོངས་སམ་བྷོ་ཊའི་བོད་སློབ་ཡིག་ཚང་ནས་གསར་དུ་དཔར་སྐྲུན་གནང་བའི་དེབ་ཁག་གཅིག་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་དབུ་འབྱེད་གནང་བ་དང་ཆབས་ཅིག་ཁོང་གིས་བཀའ་ཤག་གིས་མང་གཙོའི་དུས་ཆེན་ཐོག་ལ་གནང་བའི་གསུང་བཤད་སྒྲོགས་སྦྱང་དང་།
སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་བོད་གཞུང་ཟློས་གར་ཚོགས་པ་དང་། རྡ་སའི་ཉེ་འཁོར་གྱི་བོད་ཁྱིམ་སློབ་གྲྭ་སོགས་ནས་འཁྲབ་སྟོན་རྣམ་གྲངས་ ༡༠ བསྟན་རྗེས་གཞུང་འབྲེལ་གྱི་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས།།