༢༠༡༠ ཟླ་ ༩ ཚེས༌ ༢༧ རེས་གཟའ་ཟླ་བ།
༄༅། །བོད་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ། འགྲོ་བ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། གཞིས་བྱེས་བོད་མིའི་བླ་ན་མ་མཆིས་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཧང་གྷ་རིའི་ནང་མང་ཚོགས་ལ་ཆོས་འབྲེལ་བསྐྱངས་པ་མ་ཟད། ཡུལ་དེའི་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་དང་ཇར་མ་ནིའི་གཟེངས་རྟགས་འབུལ་བཞེས་མཛད་པ། ཕྱོགས་མཚུངས་པོ་ལན་ཌེའི་མང་ཚོགས་སོགས་ལ་ཆོས་འབྲེལ་མཛད་པ་བཅས་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་ཏེ་ལྡི་ལིར་༸ཞབས་སོར་བདེ་བར་འཁོད། དེ་ནས་མཁའ་ལམ་བརྒྱུད་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༥ ཆུ་ཚོད་ ༡༢།༣༠ ཙམ་ལ་བཞུགས་སྒར་ཕོ་བྲང་དུ་ཆིབས་སྒྱུར་སྐྱོང་སྐབས་གྷ་གལ་གནམ་ཐང་དུ་ཕེབས་བསུར་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་གི་མཇལ་དར་ཕྱག་ཏུ་བསྣམས་ཏེ་ཕེབས་བསུ་ཞུས་ཡོད། དེ་རྗེས་ས་ཐོག་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་གངས་སྐྱིད་དང་རྡ་སའི་མི་མང་གིས་གཙོས་དད་ལྡན་པ་རྣམས་ནས་ལག་ཏུ་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།