9༢༠༡༠ ཟླ་ ༩ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཁྱིམ་གྷོ་པར་པུར་སློབ་གྲྭའི་ཉེ་འཁྲིས་སུ་ཆགས་པའི་རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་གི་རྟེན་དང་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་རྟེན་འབྲེལ་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ། དེ་ཡང་ཉིན་དེའི་སྔ་དྲོ་ཆུ་ཚོད་ ༨ ཐོག་རྡོ་རྫོང་རིན་པོ་ཆེ་མཆོག་དང་ཁམས་སྤྲུལ་རིན་པོ་ཆེ་མཆོག་གིས་སྤོས་སྣེ་དང་དད་ལྡན་སེར་སྐྱ་ཡོངས་ཀྱིས་ཕེབས་བསུ་གཟབ་རྒྱས་ཐོག་སྒོ་འཕྱོར་དུ་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་ཤིས་ཚིག་གསུང་བ་དང་ལྷན་༸གོང་ས་མཆོག་གིས་གཙུག་ལག་ཁང་གི་གསེར་སྒོའི་དར་ཚོན་གཅོད་བྲེག་གིས་དབུ་འབྱེད་བཀའ་དྲིན་ཆེ་བ་བསྐྱངས་ཏེ་ནང་དུ་སྣང་གསལ་ཞལ་ཕྱེ་དང་། རྟེན་གསུམ་ལ་རབ་གནས་སྩལ་གྲུབ་མཚམས་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་དབུས་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། བཀའ་ཟུར་རྣམ་པ། དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་དང་རྒྱལ་ཚབ་རིན་པོ་ཆེ་མཆོག རྫོང་གསར་མཁྱེན་བརྩེ་རིན་པོ་མཆོག ཁམས་སྤྲུལ་རིན་པོ་ཆེ་མཆོག་དང་ཆོས་རྒྱལ་རིན་་ཆེ་དབུས་བླ་སྤྲུལ་རྣམ་པ་དང་། དགོན་པ་གསར་བཞེངས་ལ་མཐུན་འགྱུར་གནང་མཁན་སྦྱིན་བདག་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ཆོས་བརྒྱུད་གཅིག་པའི་དགོན་པ་ཁག་གི་གྲྭ་བཙུན་དང་། བོད་ཁྱིམ་གྷོ་པ་པུར་དགེ་ལས་སློབ་ཕྲུག་རྣམ་པ། བཀྲིས་ལྗོངས་གཞིས་སྒར་གྱི་གཙོས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་བཅས་མི་གྲངས་ ༣༠༠༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་མཆོག་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་བླ་སྤྲུལ་དགེ་འདུན་རྣམས་ནས་ཞལ་འདོན་གསུང་སྐུལ་དང་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་རྗེས་སྔོན་འགྲོའི་གསུང་ཆོས་དང་བཅས་འཆད་ཀ་བ་ཡེ་ཤེས་རྡོ་རྗེའི་གསུང་བློ་སྦྱོང་དོན་བདུན་མའི་བཀའ་ཁྲིད་གྲུབ་བསྟུན་དགོན་པའི་དབུ་འཛིན་གྱིས་བཀའ་དྲིན་བཏང་རག་གི་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ལྷན་བཀྲ་ཤིས་འབུལ་མཚོན་ཁག་རིམ་པས་སྤྱན་བསྟར་ཞུས་མཚམས་ཉིན་གུང་ལྗགས་སྨིན་མཛད། ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་༸གོང་ས་མཆོག་སྒོ་འཕྱོར་གྱི་ཞབས་སྟེགས་སུ་༸ཞབས་སོར་འཁོད་མཚམས་བླ་མ་བློ་གྲོས་ལགས་ཀྱིས་བླ་ཆེན་ཁག་དང་ས་གནས་རྒྱ་གར་གྱི་དཔོན་རིགས་ཁག་གི་ཆེད་དུ་མཛད་སྒོར་གནང་བའི་ཤིས་ཚིག་རྣམས་སྒྲོགས་སྦྱོང་དང་། དེ་ནས་དགོན་པའི་དབུ་འཛིན་རྡོ་རྫོང་རིན་པོ་ཆེ་མཆོག་གིས་ཆོས་སྡེ་འདི་བཞིན་ཕྱག་འདེབས་དགོས་པའི་དམིགས་ཡུལ་དང་བྱུང་རིམ་སྐོར་ངོ་སྤྲོད་གནང་གྲུབ་མཚམས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད་གནང་། དེ་ནས་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་དོན། ཀརྨ་པ་རིན་པོ་ཆེས་དབུས་པའི་བླ་ཆེན་རྣམ་པ་དང་། གཞུང་ཞབས་པ། དེ་བཞིན་སྤྱི་འཐུས་རྣམ་པ་རེད། ལྷག་པར་ཁམས་སྤྲུལ་རིན་པོ་ཆེ་བཅས་ང་ཚོ་ཚང་མ་འདིར་རུག་རུག་བྱེད་རྒྱུའི་གོ་སྐབས་བྱུང་བ་རེད། རྡོ་རྫོང་རིན་པོ་ཆེས་ལོ་ ༥༠ ལྷག་སོ་སོའི་རྣམ་དཔྱོད་དང་ནུས་པའི་ཐོག་ནས་ཉམས་མྱོང་མང་པོ་ཞིག་བསགས་ཡོད། མདོར་བསྡུས་ན་ཚེ་རབས་མང་པོའི་བག་ཆགས་ཡོད་པའི་ཐོག་ནས་སྒོས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་སྟངས་དེ་སློབ་སྦྱོང་གི་ཐོག་ནས་ཞབས་འདེགས་སྒྲུབ་དགོས་རྒྱུ་གཅིག་དང། དེ་ཡང་ང་ཚོས་སེམས་ཅན་ཐམས་ཅད་ཅེས་རྟག་པར་ཤོད་ཀྱི་ཡོད། དེར་བརྟེན་རིས་སུ་མ་ཆད་པའི་སྐྱེ་བོར་ཕན་ཐོགས་ཡོང་རྒྱུའི་དམིགས་ཡུལ་འཛིན་ཏེ་གཙུག་ལག་ཁང་གི་རྟེན་འདི་ལྟ་བུ་བཞེངས་གྲུབ་སྟེ་ཧ་ཅང་ཡག་པོ་བྱུང་འདུག དེ་རིང་འདིར་དང་པོ་དེ་གཙུག་ལག་ཁང་རྟེན་དང་བརྟེན་པ་ལེགས་པར་གྲུབ་ནས་རབ་གནས་དང་རྟེན་འབྲེལ་ཚོགས་རྒྱུ་བྱུང་བ་རེད། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་དག་ནི་རིན་པོ་ཆེས་ལོ་བསྟུད་མར་ཧུར་ཐག་གནང་བའི་འབྲས་བུ་རེད། རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་དང་འབྲེལ་ཁྱེད་རང་ཚོ་ལས་ཀ་བྱེད་མཁན་ཚང་མས་དངོས་གནས་སྤྱི་དོན་དེ་སྒེར་དོན་བཞིན་རང་དོན་རང་གཅེས་བྱས་ཏེ་ཧུར་ཐག་བྱས་པའི་འབྲས་བུ་རེད། དེར་བརྟེན་ཐུགས་རྗེ་ཆེ་ཟེར་གྱི་ཡིན། དེ་བཞིན་ལག་བཟོ་བ་རྣམས་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་གིན་རིན་པོ་ཆེས་བཤད་པ་བཞིན་རེད། དངུལ་མེད་ན་བཟོ་ཐག་ཆོད་སོང་བརྗོད་པ་བཞིན་བྱེད་རྒྱུ་གང་ཡང་མེད། འོན་ཀྱང་རིན་པོ་ཆེར་རིམ་པས་སྦྱིན་བདག་རག་པ་དང་ལམ་སེང་གྲ་རྒྱས་པོ་བྱེད་རྒྱུའི་བསམ་བློ་མེད་པར་བསམ་བློ་ནན་ཏན་བཏང་སྟེ་མཐའ་མ་དེ་རིང་འདི་བཞེངས་ཐུབ་པ་རེད། དེར་བརྟེན་འདིར་དངོས་སུ་འཛོམས་པའི་སྦྱིན་བདག་རྣམ་པ་ཚོ་དང་། དེ་རིང་འདིར་དངོས་སུ་འཛོམས་མེད་ནའང་རིན་པོ་ཆེར་དངོས་དང་བརྒྱུད་པས་ཐོག་ནས་མཐུན་འགྱུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཁྱེད་རང་ཚོ་སྦྱིན་བདག་འགྲོ་སོང་གཏོང་མཁན་དང། འདིར་དངོས་སུ་སོ་སོའི་ལུས་པོས་ངལ་རྩོལ་གྱི་ཐོག་ནས་ཞབས་འདེགས་སྒྲུབ་མཁན་ཡིན་ནའང་འདྲ། གང་ལྟར་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་བྱ་བ་ཞིག་ཡིན་པས་སོ་སོའི་ཀུན་སློང་རྣམ་པར་དག་པ་ཞིག་བྱུང་ན་ཚོགས་བསགས་ཀྱི་རེད། ཚོགས་བསགས་པ་དེ་འཕྲལ་གྱི་སོ་སོ་ཚེ་རིང་བ་དང། ནད་མེད་པ། ལོངས་སྤྱོད་ཆེ་བ་ལྟ་བུའི་ཆེད་དུ་བསྔོ་བ་མིན་པར་ནམ་མཁའི་མཐའ་གཏུགས་པའི་སེམས་ཅན་ཐམས་ཅད་ལ་ཕན་བདེའི་རྒྱུ་དང་གཞན་དོན་ལ་དམིགས་ཏེ་སྨོན་ལམ་བརྒྱབ་ན་རང་དོན་ཞོར་ལ་གྲུབ་ཀྱི་རེད། དེར་བརྟེན་དགེ་བ་བསགས་པ་དེ་དག་བསྔོ་བ་སྨོན་ལམ་བྱེད་རྒྱུ་གལ་ཆེན་པོ་ཡིན། གོང་དུ་རིན་པོ་ཆེས་གཉིས་གསུམ་བྱས་ཏེ་གསུངས་པ་དེ་ཟམ་གདོང་རིན་པོ་ཆེ་དང་ཚོགས་གཙོས་ཁྱེད་རང་ཚོ་ཚང་མར་བསྔགས་བརྗོད་གནང་སོང་དེ་ཡིན་ཐག་ཆོད་རེད། རྡོ་རྫོང་རིན་པོ་ཆེས་ལོ་མང་ཉམས་མྱོང་བསགས་པའི་དངོས་ཡོད་གནས་ཚུལ་ཐོག་གལ་ཆེན་གང་ཡིན་པ་དེ་གཟིགས་ཏེ་བསམ་བློ་འདི་ལྟར་གཏོང་གི་ཡོད་པ་དེ་ཞེ་དྲག་ཡག་པོ་བྱུང་འདུག སངས་རྒྱས་ཀྱི་ཆོས་ངོ་སྤྲོད་ཅེས་བརྗོད་སྐབས་སངས་རྒྱས་ཀྱི་ཆོས་དེ་འཛམ་གླིང་འདིའི་སྟེང་ཆོས་ལུགས་ལྟ་གྲུབ་ཡོད་མཁན་མང་པོ་ཞིག་ཡོད་པ་དེའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། དེ་རིང་ཁ་སང་ཆོས་ལ་དམིགས་བསལ་དད་པ་དང་དོ་སྣང་མེད་མཁན་དེ་ཚོའི་རིགས་ཀྱི་སངས་རྒྱས་པའི་ཆོས་ཞེས་བརྗོད་སྐབས། སྤྱིར་ཆོས་ལུགས་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་པ། ཆོག་ཤེས་སོགས་གསུངས་ཀྱི་ཡོད། གསུངས་བ་ཙམ་དུ་མ་ཟད་ཆོས་ལུགས་སོ་སོའི་ཉམས་ལེན་བསམ་པ་རྣམ་དག་བྱེད་མཁན་ཚོ་དངོས་གནས་མི་འདྲ་བ་ཞིག་ཡོང་གི་ཡོད། གཞན་ཕན་གྱི་བསམ་པ་ཡོད་པ། གཞན་དོན་སྒྲུབ་རྒྱུར་རང་དོན་བློས་བཏང་ནས་ཞབས་འདེགས་སྒྲུབ་མཁན་ཆོས་ལུགས་ཚང་མའི་ནང་ཡོང་གི་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་དེ་བྱམས་པ་དང་བརྩེ་བ་ཟེར་རྒྱུ་དེ་སོ་སོའི་དད་པ་བྱས་ཏེ་བྱམས་པ་དང་བརྩེ་བ་ཉམས་ལེན་བྱས་པ་མིན་པར། དངོས་ཡོད་གཞིའི་གནས་ཚུལ་གཞིར་བཞག་པའི་ཐོག་ནས་བྱམས་པ་དང་བརྩེ་བ་དགོས་མཁོ་ཡོད་པ་དང། རྒྱུ་མཚན་གྱི་ཐོག་ནས་བྱམས་པ་དང་བརྩེ་བ་ཉམས་ལེན་བྱེད་དགོས་པ་ཞིག་བཤད་ཀྱི་ཡོད། ནམ་རྒྱུན་ངོས་ཀྱིས་སངས་རྒྱས་པའི་ཆོས་ཟེར་དུས་བཅོམ་ལྡན་འདས་རང་ཉིད་ཀྱི་སེམས་ཅན་ཐ་དམན་པའི་གནས་སྐབས་ཤིག་ནས་སྔོན་དུ་སོང་བའི་ཐོག་ནས་ལམ་གྱི་བགྲོད་ནས་མངོན་པར་རྫོགས་པ་སངས་རྒྱས་པ་རེད། དེར་བརྟེན་བཅོམ་ལྡན་འདས་ཀྱི་ཆོས་དེ་ང་རང་ཚོ་ལྟ་བུ་སོ་སྐྱེས་ཐ་དམན་པ་ཞིག་གི་ཉོན་རྨོངས་དུག་གསུམ་གྱིས་བཅིངས་བསྡད་པ་གཅིག་གིས་ཉོན་རྨོངས་དུག་གསུམ་རགས་པ་སྔོན་གྱུར་ཇི་ལྟར་ཉུང་དུ་གཏོང་དགོས་རེད། དེ་ནས་ཉོན་རྨོངས་དུག་གསུམ་ཕྲ་བ་དེ་ཇི་ལྟར་མེད་པ་བཟོ་དགོས་པ་རེད། མཐར་ཐུག་ཉོན་རྨོངས་དུག་གསུམ་གྱི་བག་ཆགས་ཇི་ལྟར་མེད་པ་བཟོ་དགོས་རེད། བཅོམ་ལྡན་འདས་རང་ཉིད་ཀྱི་ཉམས་མྱོང་གི་ཐོག་ནས་བསྟན་ཡོང་དུས་དེ་ང་ཚོར་རན་པོ་འདུག གཉིས་ནས་སངས་རྒྱས་ཀྱི་ཆོས་འབྲས་བུའི་ཡོན་ཏན་མང་པོ་ཞིག་གསུང་གི་ཡོད་ཀྱང་། དེ་དག་ལམ་ཐབས་ཤེས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཉམས་ལེན་ལ་བསྟེན་ཡོང་རྒྱུ་གཅིག་དང་། དེ་ཡོང་རྒྱུར་སངས་རྒྱས་ཀྱི་འཕྲིན་ལས་ཀྱིས་གྲུབ་པ་མིན་པ་དང་། སེམས་ཅན་གྱི་ལས་ཀྱིས་ཀྱང་གྲུབ་པ་མིན་པ། རང་བཞིན་ལྷན་སྐྱེས་སུ་ཡོད་པའི་གཞི་ཡི་གནས་ཚུལ་ཞིག་གི་ཐོག་ནས་ལམ་བགྲོད་པའི་རིམ་པ་ཤོད་ཀྱི་ཡོད། དེ་ལ་བརྟེན་ནས་འབྲས་བུ་སྔོན་དུ་བྱེད་ཚུལ་ཤོད་ཀྱི་ཡོད། གཞི་ཡི་གནས་ཚུལ་ཡོད་སྟབས། དེང་སང་ཚན་རིག་པ་ཚོས་གཞིའི་དངོས་པོའི་གནས་ཚུལ་འཚོལ་གྱི་ཡོད། ཚན་རིག་པས་ལམ་གྱི་གནས་ཚུལ་དང་བླང་དོར་གྱི་སྐད་ཆ་ཤོད་ཀྱི་མེད། གཞིའི་གནས་ཚུལ་ཇི་འདྲ་ཡོད་མེད་བརྟག་དཔྱད་བྱས་ནས་འཚོལ་གྱི་ཡོད། ད་ལྟ་ཕན་ཆད་ཚན་རིག་པ་ཚོས་གཙོ་ཆེ་ཤོས་ཕྱིའི་རྡུལ་ཕྲ་རགས་ལས་གྲུབ་པའི་ཆོས་དེ་ཚོར་ཚད་ཞིག་ཡོད་པ་མཐོང་བའི་ཆོས་དང་ཕྱིའི་གཟུགས་ཅན་དེ་གཙོ་བོ་རེད། དེ་རིང་ཁ་སང་གཞི་ནས་ནང་སེམས་ཀྱི་གཟུགས་ཅན་མ་ཡིན་པའི་ཤེས་པ་ཟེར་རྒྱུ་དང་ཕྲ་བའི་རླུང་དེ་ལྟ་བུའི་ཐོག་དོ་སྣང་གསར་པ་ཞིག་བསླེབས་ཡོད། དེ་ལྟ་བུའི་གནས་ཚུལ་འཚོལ་ཞིབ་དང་བསྒྲུབ་རྒྱུ་དེ་ནང་པའི་ཆོས་ནང་མ་གཏོགས་མེད། མུ་སྟེགས་པའི་གཞུང་ནང་གང་ཙམ་ཡོད། འོན་ཀྱང་ཞིབ་པ་དང་དངོས་སུ་ནང་སེམས་ཀྱི་རྣམ་གཞག་བསྒྱུར་བཅོས་གཏོང་རྒྱུའི་གྲས་ད་ལྟ་ཡིན་ནང་ལག་རྒྱུན་ཡོད་པ་དེ་ཕལ་ཆེར་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཆགས་ཡོད། དེར་བརྟེན་ཆོས་ལ་དམིགས་བསལ་དད་པ་དང་དོ་སྣང་མེད་མཁན་ཚོས་གཞིའི་གནས་ཚུལ་དང་སེམས་ཞི་བདེ་ཡོང་རྒྱུའི་ཆེད་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་སྟབས་ཕྲན་བུ་མི་འདྲ་བ་ཞིག་རེད་འདུག ང་ཚོས་སངས་རྒྱས་ཀྱི་ཆོས་སྤེལ་རྒྱུའི་སྐད་ཆ་མ་རེད། དུས་རྒྱུན་དུ་ངོས་ཀྱིས་སོ་སོའི་ཕ་མེས་ཀྱི་ཆོས་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། ང་ཚོའི་བོད་དང་ཉེ་འདབས་སུ་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ཀྱི་བྱང་རྒྱུད་སོག་པོ་ཕྱི་ནང་མཚོན་མདོར་ན་ཨུ་རུ་སུ་ཁོངས་ཀྱི་ནང་ཆོས་ཀྱི་མི་རིགས་དེ་འདྲ་ཡོད། དེ་དག་ཚང་མ་བོད་ཀྱི་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད། སྐད་ཡིག་དང་གོམས་གཤིས་མི་འདྲ་བ་རེད། འོན་ཀྱང་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་དེ་དག་རྟེན་གྱི་གཙོ་བོར་བཞག་སྟེ་ཉམས་ལེན་བྱེད་མཁན་གཅིག་པ་ཆགས་ཡོད། དེར་བརྟེན་ས་ཁུལ་དེ་དག་གིས་སོ་སོའི་ཕ་མེས་ཀྱི་ཆོས་ཆགས་ཡོད། ཆོས་ལུགས་སྒྱུར་རྒྱུའི་སྐད་ཆ་མ་རེད། ཕ་མེས་ཀྱི་གཅེས་ནོར་ངོ་ཤེས་པའི་ཐོག་ནས་བདག་པོ་བརྒྱབ་དགོས། སངས་རྒྱས་ཀྱི་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་ཆོས་དེ་སེམས་ནང་གི་སྐད་ཆ་ཞིག་རེད་མ་གཏོགས་ཕྱིའི་དངོས་པོ་མིན། ཕྱིའི་མཆོད་རྟེན་དང་སྐུ་རྟེན་དེ་ཚོ་ང་ཚོར་དྲན་གསོ་གཏོང་རྒྱུ་ཞིག་རེད། ཆོས་ངོ་མ་དེ་སོ་སོའི་སེམས་ནང་ནས་ཡོང་དགོས་ཀྱི་ཡོད། ལུང་གི་ཆོས་དང་རྟེན་རིགས་ཀྱིས་གང་གསུངས་ཀྱི་ཡོད་རེད་ཅེས་ན་སེམས་ལ་བཟོ་བཅོས་གང་འདྲ་བརྒྱབ་དགོས་ཡོད་མེད་གསུངས་ཀྱི་ཡོད། དེར་བརྟེན་ཆོས་ངོ་ཐོག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་སོ་སོའི་སེམས་ལ་ཐོག་མར་བསླབ། བསླབ་པའི་དོན་དེ་ལ་དཔྱད་པ་བྱས། ཐོག་མར་ངེས་པ་རྙེད་པ་དེ་སོ་སོའི་སེམས་རྒྱུད་ལ་སྦྱར་ཏེ་སེམས་ཀྱི་བཟོ་ལྟ་བཟོས་རྒྱུ་དེ་ཡིན། དེར་བརྟེན་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། ད་ལྟ་རིན་པོ་ཆེས་སྤྱིར་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དང། ཡང་སྒོས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ། གཉིས་ནས་ང་ཚོ་ཡུལ་པ་སྐྱ་བོ་ཕོ་མོ་ཚོས་ནང་ཆོས་བགྲོ་གླེང་གི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་དེ་ལྟ་བུའི་དམིགས་ཡུལ་བཟུང་པ་དེ་དུས་དང་འཚམས་པ་ངེས་པར་དུ་དགོས་རྒྱུ་ཞིག་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ཤོད་ཀྱི་ཡོད། ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། ང་རང་ཚོ་ནང་པ་ཚོ་ཡང་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་རེད་ཅེས་བོད་དང་རྒྱ་མིའི་ཆོས་གྲོགས་རྣམས་ལ་བརྗོད་ཀྱི་ཡོད། ང་ཚོའི་ཆོས་བསླབ་ཟེར་དུས་འདོན་པ་ཚིག་ཁ་ཤས་བསླབ་པ་དང། ཕྲེང་བ་འཁྱེར་ཏེ་སྔགས་དྲངས་པ། སྐོར་བ་བརྒྱབ་པ་དེ་དག་ལུས་ཀྱི་ཆོས་དང་ངག་གི་སྒོ་ནས་སྒྲུབ་རྒྱུའི་ཆོས་དགེ་བ་ཡིན་ནའང། གཙོ་བོ་དེ་སེམས་ཀྱི་ནང་ནས་འགྲོ་དགོས་པ་ཞིག་རེད། ཨཱ་རྱ་དེ་ཝས་བཞི་བརྒྱ་བའི་གསུང་ནང་ཕལ་ཆེར་གསུངས་ཡོད། གང་ལྟར་རྒྱ་གར་ནང་དེ་དང་དེའི་དུས་ཀྱི་ཆོས་ལུགས་གཙོ་བོ་ལུས་ཀྱི་དཀའ་སྡུག་ལ་རྟེན་ནས་ཆོས་གཅིག་དང། རིག་བྱེད་ཀྱི་སྒྲ་ལ་རྟེན་ནས་བྱེད་རྒྱུ། གཙོ་བོ་ཡིད་ལུགས་ལ་རྟེན་ནས་སྒྲུབ་རྒྱུའི་ཆོས་བཅས་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་དེ་གཙོ་བོ་ཡིད་ཀྱི་སྒྲུབ་རྒྱུའི་ཆོས་ཞིག་རེད། དེ་ལྟ་བ་ཡང་རེད་ཅེས་གསུངས་ཡོད། དེར་བརྟེན་ང་ཚོ་བོད་པ་ཚོ་དེ་སྔ་ང་ཚོའི་གོམས་གཤིས་ལ་ཆོས་བསླབ་དགོས་རེད་ཅེས་ལབ་ན་དེ་གྲྭ་བའི་ལས་འགན་ཡིན་པ་ལྟ་བུ། རབ་བྱུང་ནང་ནས་རབ་བྱུང་ཕ་ཚོ་མ་གཏོགས་རབ་བྱུང་མ་ཚོ་འདོན་པ་བཏོོན་པ་ཙམ་ལས་སློབ་སྦྱོང་བྱེད་རྒྱུའི་སྲོལ་མེད་པ་ལྟ་བུ་འདུག རབ་བྱུང་ནང་ཆ་བཞག་ནའང་སྔགས་གྲྭ་ཚོས་ཆོ་ག་འདོན་རྒྱུ་མ་གཏོགས་སློབ་སྦྱོང་བྱེད་རྒྱུ་མིག་ལྟོས་མེད་པ་ལྟ་བུ་འདུག དེ་ནོར་འཁྲུལ་རེད། སྐྱ་བོ་ཕོ་མོ་ཚོ་དེ་བས་ཀྱང་ཆོས་བྱེད་དགོས་རེད་མ་གཏོགས་ཆོས་བསླབ་དགོས་མ་རེད་ཅེས་ཤོད་མཁན་ཡོད། དེ་དག་ནི་ཆེས་རྗེས་ལུས་ཀྱི་བསམ་བློ་ཞིག་རེད། ད་ལྟ་ང་ཚོ་རབ་བྱུང་ཡིན་མིན་སྐད་ཆ་མེད་པར་སྐྱ་བོ་ཕོ་མོ་ཚུན་ཆད་ཀྱིས་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ནང་ཆོས་ལ་སློབ་སྦྱོང་བྱས་པ་ཡིན་ན་རྒྱུ་མཚན་མཐོང་གི་རེད། རྒྱུ་མཚན་མཐོང་ན་ཡིད་ཆེས་སླེབས་ཀྱི་རེད། ཡིད་ཆེས་དེ་ཤེས་ནས་དད་པ་ཐོབ་པ་ཆགས་ཀྱི་རེད། གཞན་ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་པ་ཡིན་ན་འཕྲལ་སེལ་གྱི་དད་པ་དང་ཡིད་ཆེས་ཤིག་ཡོད་ཀྱི་རེད་དེ་རྒྱུ་མཚན་གང་ཡང་མེད། མི་གཞན་གྱི་བྱེད་ཀྱི་འདུག་ངས་ཀྱང་བྱེད་ཀྱི་ཡོད་ལྟ་བུ་ཆགས་ཀྱི་རེད། ཕ་མེས་ཀྱི་བྱེད་ཀྱི་འདུག ངས་ཀྱང་བྱེད་ཀྱི་ཡོད་ལྟ་བུ་དེ་རྒྱུ་མཚན་བརྟན་པོ་མེད། དེར་བརྟེན་སངས་རྒྱས་པའི་ཆོས་ངོ་སྤྲོད་བྱས་ནས་བསླབ་རྒྱུ་དེ་སྐྱ༌སེར་རབ་བྱུང་ཕོ་མོ་དབྱེ་བ་མེད་པ་ངེས་པར་དུ་བསླབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟ་རིན་པོ་ཆེས་བཤད་པ་དེ་དུས་ནས་དུས་སུ་ང་ཚོས་བགྲོ་གླེང་བྱས་ནས་ང་ཚོ་བོད་མི་བཙན་བྱོལ་བ་སྤྱི་ཡོངས་ཀྱི་ནང་ནས་དེ་ལྟ་བུའི་བགྲོ་གླེང་བྱེད་རྒྱུ་འབོད་སྐུལ་བྱེད་མཁན་གང་མཚམས་ཡོང་གི་ཡོད། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ལ་ཆ་བཞག་ན་ལ་དྭགས་དང་མོན་གྱི་མཚོན་པའི་ནང་བགྲོ་གླེང་སོགས་བྱེད་ཀྱི་ཡོད། དེ་ཕན་ཐོགས་ཧ་ཅང་ཡོད། སངས་རྒྱས་ཀྱི་བསྟན་པ་ངོ་ཐོག་གནས་དགོས་ན་ས་ཆ་ཁུག་ཀྱོོག་གཅིག་ལ་དགོན་པ་ཞིག་གི་ནང་དགེ་འདུན་སྤུས་དག་ཁ་ཤས་ལྷག་པ་གཅིག་པུའི་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཕལ་ཆེར་ཁག་པོ་རེད། སྤྱི་ཚོགས་ཀྱི་ནང་སངས་རྒྱས་ཀྱི་ཆོས་གོ་རྟོགས་ཡོད་པའི་ཐོག་ནས་ཉིན་རེ་ཉིན་རེའི་འཚོ་བ་དེ་ཆོས་དང་མཐུན་པའི་ཐོག་ནས་ཉམས་ལེན་བྱེད་མཁན་བྱུང་བ་ཡིན་ན་སྤྱི་ཚོགས་ནང་གནས་ཀྱི་རེད། སྤྱི་ཚོགས་ཆོས་དད་དོ་སྣང་ཞེ་དྲག་མེད་མཁན་ཆགས་པ་ཡིན་ན་དགོན་པའི་གྲྭ་པ་ཟེར་རྒྱུ་དེ་ལྟག་ཆུ་ཆད་པའི་རྫིང་བུ་ལྟ་བུ་རྫོགས་འགྲོ་གི་རེད་མ་གཏོགས་ཡོང་རྒྱུ་གང་ཡང་མེད། མང་ཚོགས་ཆོས་དད་ཡོང་དགོས་རྒྱུ་དང་ཆོས་དད་ཡོང་རྒྱུ་དེ་བྱིན་རླབས་སྤྲད་ནས་ཆོས་དད་ཡོང་རྒྱུ་མེད། ཆོས་བསླབ་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་དད་པ་ཞིག་སྐྱེས་དགོས་ཀྱི་ཡོད། དེར་བརྟེན་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། སྒེར་པ་སོ་སོའི་ངོས་ནས་ཆ་བཞག་ནའང་རྒྱུ་དངོས་པོ་དགོས་པ་གཅིག་པ་རེད། ལུས་ལ་གྲྭ་ཆས་གྱོན་མཁན་ཚོར་ཡང་རྒྱུ་དངོས་པོ་དགོས་ཀྱི་ཡོད། འོན་ཀྱང་དཀའ་ངལ་འཕྲད་སྐབས་བསམ་བློའི་ཐོག་ནས་དཀའ་ངལ་དེར་གདོང་ལེན་བྱེད་སྟངས་ལ་ཁྱད་པར་ཏན་ཏན་ཡོད། ཆོས་ཡོད་མཁན་ཞིག་གི་དཀའ་ངལ་འཕྲད་སྐབས་བསམ་བློའི་ནང་དེ་ཙམ་གྱི་རེ་ཐག་ཆོད་ནས་ག་རེ་བྱེད་དགོས་ན་བསམ་པ་སོགས་དངངས་སྐྲག་སྐྱེ་རྒྱུ་ཕལ་ཆེར་ཉུང་བ་འདུག ཆོས་དད་མེད་མཁན་བསམ་བློའི་འགྲོ་སྟངས་མ་ཤེས་མཁན་ཚོར་དཀའ་ངལ་འཕྲད་སྐབས་ཛ་དྲག་ཆགས་ཏེ་དཀའ་ངལ་འཕར་མ་ཟོ་ཡི་ཡོད། སོ་སོ་སྒེར་གྱི་མི་ཚེ་སྐྱེལ་རྒྱུ་ཡིན་ནའང་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་ཤེས་པ་ཡིན་ན་སོ་སོའི་མི་ཆེ་སྐྱེལ་རྒྱུར་ཕན་གྱི་རེད། དེང་དུས་ཀྱི་ཤེས་ཡོན་ལ་ང་ཚོ་ཚང་མས་དོ་སྣང་བྱེད་ཀྱི་ཡོད་ལ་བྱེད་དགོས་རྒྱུ་རེད། ང་ཚོ་བོད་མི་རིགས་དེང་དུས་ཀྱི་ཤེས་ཡོན་ཕོངས་བསྡད་ཡོད། ཕོངས་པ་དེ་ལས་ཐར་བར་ང་ཚོར་དེང་དུས་ཀྱི་ཤེས་ཡོན་ཐོག་སློབ་སྦྱོང་བྱས་ནས་ཐར་དགོས་པ་རེད། དེར་བརྟེན་ང་ཚོ་ཚང་མས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བྱེད་དགོས་ཀྱི་རེད། དེང་དུས་ཀྱི་སློབ་སྦྱོང་ཁོ་ན་ག་ཚོད་ཀྱི་ཕྱུག་པོ་ཡིན་ནང་སོ་སོའི་སྒེར་ལ་དཀའ་ངལ་ཞིག་འཕྲད་ན་ཆགས་སྡང་རྨོངས་གསུམ་གྱི་རྐྱེན་པའི་མ་སྐྱིད་པ་བྱེད་པ། རང་མ་སྐྱིད་པའི་ཞོར་ལ་རོགས་མ་སྐྱིད་པ་བཟོ་གི་ཡོད། བསམ་བློ་དུལ་བ་ཞིག་ཡོད་པ་ཡིན་ན་ག་ཚོད་ཀྱི་ཤེས་ཡོན་ཡོད་པ་དེ་དག་གཞན་ཕན་གྱི་རང་བཞིན་དུ་འགྱུར་རྒྱུ་དང་། མ་རྩ་ཤེས་ཡོན་ཡོད་དུས་རང་གི་སེམས་དཀྲུག་རྒྱུའི་ཆ་རྐྱེན་ལ་མི་འགྲོ་མཁན་ཞིག་ཏན་ཏན་ཡོང་གི་རེད། སེམས་ཞི་བདེ་བཟོ་རྒྱུ་དེ་ཆོས་ཕྱོགས་ཀྱི་ཐོག་ནས་བཟོ་རྒྱུ་མ་གཏོགས་ཨང་རྩིས་བརྒྱབ་པ་དང་འཛམ་གླིང་གི་ས་བཤད་ཚད་གཞལ་ཏེ་སེམས་ཞི་བདེ་བཟོ་རྒྱུ་མེད། རང་བཞིན་གྱི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་བཟོ་དགོས་ཀྱི་ཡོད། དེང་དུས་ཀྱི་ཤེས་ཡོན་ཡོད་པ་དེ་ཕན་པའི་རང་བཞིན་དུ་འགྱུར་རྒྱུ་དང་། རང་ཡིན་ནའང་བདེ་སྐྱིད་ཡོང་རྒྱུའི་རང་བཞིན་དུ་གྱུར་རྒྱུ་དེ་ཆོས་ཀྱི་བསམ་བློ་གཏོང་སྟངས་དེ་ཧ་ཅང་གི་གནད་འགག་ཡོད་པ་རེད། མི་རིགས་སྤྱིའི་ངོས་ནས་བཤད་ན་ང་རང་ཚོ་མི་རིགས་ཀྱི་རྣམ་པ་གཙོ་བོ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད། དཔེར་ན། ནུབ་ཕྱོགས་ལུང་པ་ཇུ་དྷ་དང་ཡེ་ཤུ། ཁ་ཆེའི་ལུང་པ་ཡིན་ན་རེད། ང་ཚོའི་མི་རིགས་ཀྱི་རྣམ་པ་མཚོན་རྒྱུ་དེ་ནང་ཆོས་དད་གལ་ཆེན་པོ་ཆགས་ཡོད། ང་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་དེ་དག་གི་སོ་སོའི་རྣམ་པ་མཚོན་རྒྱུར་སོ་སོ་རང་ཉིད་སྒེར་ལ་དད་པ་ཡོན་ན་མེད་ན་སོ་སོ་སངས་རྒྱས་པའི་ཆོས་ཀྱི་གོམས་གཤིས་ཡོད་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོད། སངས་རྒྱས་པའི་ཆོས་ལ་མང་པོ་ཞིག་དམིགས་བསལ་ཆོས་དད་མེད་ནའང་སོ་སོ་མི་ཚེ་སྐྱེལ་རྒྱུར་ཕན་གྱི་རེད། ངོས་ཀྱིས་མཚམས་མཚམས་རྩེད་མི་དང་སྦྲགས་ཏེ་འདི་ལྟར་ཤོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་ནང་རྟེན་ཅིང་འབྲེལ་བ་བྱུང་བ་ཞེས་པ་གསུངས་ཀྱི་ཡོད། རྟེན་ཅིང་འབྲེལ་བ་བྱུང་བ་ཞེས་པ་འདི་དེ་རིང་ཁ་སང་ཚན་རིག་པ་རྣམ་སྤྱོད་ཡོད་མཁན་མང་པོ་ཞིག་གི་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ཁ་ཆེ་དང་། ཡེ་ཤུའི་ཆོས་བྱེད་མཁན་རྣམས་ལ་རྟེན་ཅིང་འབྲེལ་བ་བྱུང་བའི་ལྟ་ཚུལ་དེ་ཕན་ཐོགས་ཡོད་ཅེས་བརྗོད་ཀྱི་ཡོད། ཆོས་དད་མེད་མཁན་ཞིག་གི་རྟེན་ཅིང་འབྲེལ་བ་བྱུང་བ་དེ་ཤེས་པ་ཡིན་ནའང་ཆོས་ལ་ངོ་རྒོལ་བྱེད་སྐབས་ངོ་རྒོལ་གནད་ཐིག་པ་ཡོང་གི་རེད། རྟེན་བྱུང་གི་འགྲོ་སྟངས་མ་ཤེས་ན་ཆོས་ལ་ངོ་རྒོལ་བྱེད་སྟངས་དེ་ལྐུགས་པའི་ངོ་རྒོལ་བྱེད་སྟངས་བྱེད་ཀྱི་རེད། ཕྱིས་སུ་སོ་སོའི་བསམ་དོན་སྒྲུབ་རྒྱུའི་ཚབ་ལ་ཧ་ལོག་པ་དེ་འདྲ་མང་པོ་ཡོང་གི་ཡོད། རྟེན་ཅིང་འབྲེལ་བ་བྱུང་བ་དེ་ཤེས་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ཤེས་ཤིག་སྤྲོད་ཀྱི་རེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ཤེས་ཤིག་སྤྲད་པ་ཡིན་ན་ནུས་པ་ཐོན་ཆེ་གི་རེད། དེར་བརྟེན་སངས་རྒྱས་པའི་ལྟ་གྲུབ་ཟེར་རྒྱུ་དེ་གཞན་དང་མི་འདྲ་བ་ཞིག་རེད། ཁྱེད་རང་ཚོ་སེར་སྐྱ་ཕོ་མོ་དབྱེ་བ་མེད་པ་ཚང་མས་དོ་སྣང་མང་ཙམ་བྱེད། ཁྱེད་རང་ཚོ་གཞོན་པ་མང་ཆེ་བར་བོད་ཡིག་གོ་བ་མ་ཆགས་པར་གོ་བདེ་པོ་མེད་པ་ཡོད་མདོག་ཁ་པོ་རེད། དེ་དག་གིས་དབྱིན་ཡིག་ནང་དེ་རིང་ཁ་སང་མང་པོ་ཐོན་ཡོད། དེ་དག་ཀློག་དོ་སྣང་བྱེད། དེ་ལྟ་བུའི་ཞབས་འདེགས་སྒྲུབ་ཆེད་རིན་པོ་ཆེའི་དམིགས་ཡུལ་རེད། ཞབས་འདེགས་སྒྲུབ་ཐུབ་པ་ཏན་ཏན་ཡོང་གི་རེད། ལས་ཀ་འགོ་འཛུགས་སྐབས་ཆོས་བཤད་ཡག་པོ་བྱས། དེ་ནས་ལོ་གཅིག་སོང་གཉིས་སོང་ག་ལེར་འབྲེལ་ཡོད་ཀྱི་མི་ཚོ་ཆར་ཅན་སྒང་ཕྱིན་ཏེ་འགོ་སྟོད་ཡག་པོ་ཡོད་པ་དེ་དག་ཆར་ཅན་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད། དང་པོ་ཐོག་མ་སེམས་བསྐྱེད་པ་བཞིན་ལག་ལེན་མཐར་འཁྱོལ་བ་ཡོང་རྒྱུར་གཙོ་བོ་རིན་པོ་ཆེའི་འགོ་ཁྲིད་དེ་དགོན་པའི་ཁུངས་ཡོད་མཁན་གྲྭ་པ་དང་འབྲེལ་ཡོད་ཚང་མས་དང་པོ་དམིགས་ཡུལ་མཐར་འཁྱོལ་བ་ཡོང་རྒྱུར་མཐའ་གཅིག་ཏུ་རིག་པ་སྒྲིམ་སྟེ་ཨུ་ཚུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཐུགས་རྗེ་ཆེ་བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད། དེ་རྗེས་ཆོས་སྡེ་གསར་སྐྲུན་གྱི་སྦྱིན་བདག་གཙོ་བོ་འགའ་ཞིག་དང་འགན་ཁུར་ལས་བྱེད་ཁག་གཅིག་ལ་ལེགས་སྐྱེས་བཀའ་དྲིན་སྩལ་བ་དང་ཆབས་ཅིག་རྟེན་འབྲེལ་གྱི་གཞས་སྣ་ཁག་གསུམ་གཟིགས་འབུལ་ཞུས་རྗེས་དགོན་པའི་ལས་དྲུང་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ། རྡོ་རྗོང་དགོན་པ་ནི་དུ་རབས་ ༡༧ པའི་ནང་མདོ་ཁམས་ཕྱོགས་སུ་དཔལ་ལྡན་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་སྡེ་ཉིས་བརྒྱ་ལྷག་ཡོད་པའི་ནང་ནས་གཅིག་ཡིན་པ་དང་། རྒྱ་གར་དུ་དགོན་པ་དེ་ཕྱི་ལོ་ ༢༠༠༢ ནས་ཁྲིམས་མཐུན་གྱི་ས་ཆ་ཨེ་ཀར་ ༡༤ ཙམ་སྤུས་གཟིགས་ཀྱི་གཙུག་ལག་ཁང་དང་། མཆོད་རྟེན། ཐོགས་བརྩེགས་ཅན་གྱི་གྲྭ་ཤག རྒྱག་བཞིན་པའི་དཔེ་མཛོད་ཁང་བཅས་ལས་གྲུབ་པ་ཞིག་དང་ད་ལྟའི་ཆར་དགེ་འདུན་གྲངས་ ༢༥ ཡོད་འདུག་བཅས།།