༢༠༡༠ ཟླ་ ༩ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་པོ་ལན་ཌེར་ (Poland) ༸ཞབས་སོར་འཁོད་སྐབས་གྲོང་ཁྱེར་བོར་ཁོ་ལོའི་སྤྱི་ཁྱབ་སྐུ་ཞབས་རཱ་ཕལ་(Rafal Dutkiewicz) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཉིན་དེའི་མཛད་རིམ་གྱི་ཐོག་མར་མགོན་པོ་གང་ཉིད་མཆོག་པོ་ལན་ཌེའི་ནང་ཆིག་སྒྲིལ་ལས་འགུལ་ (Solidarity Movement) འགོ་བཙུགས་ཏེ་མི་ལོ་ ༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སླད་འགྲེམས་སྟོན་ཚོགས་ཁང་ཞིག་ཏུ་ཆིབས་སྒྱུར་བསྐྱངས། ཆིག་སྒྲིལ་ལས་འགུལ་དེ་ཐོག་མར་ཕྱི་ལོ་ ༡༩༨༠ ལོར་པོ་ལན་ཌེ་ནང་འགོ་བཙུགས་ཏེ་རིམ་བཞིན་དབུས་ཤར་ཡུ་རོབ་དང་ཨུ་རུ་སུ་བཅས་ཀྱི་ནང་ཁྱབ་བརྡལ་ཕྱིན་ཏེ་མཐར་ཨུ་རུ་སུ་དམར་པོའི་སྲིད་གཞུང་ཐོར་བཤིག་འགྲོ་རྒྱུར་ཤུགས་སྣོན་ཆེན་པོ་སྤྲད་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མི་མང་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་ཐོག་མར་གྲོང་ཁྱེར་སྤྱི་ཁྱབ་པས་མང་ཚོགས་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་མ་ཟད་དྲང་བདེན་དང་རང་དབང་འཐབ་རྩོད་གནང་མཁན་ཞིག་ཡིན་ཞེས་སོགས་གསུངས། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་མཛད་ཁུར་གསུམ་ངོ་སྤྲོད་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན།
ད་ལྟའི་ཆར་རྒྱ་ནག་ནང་མང་གཙོའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ནུས་ཤུགས་མ་འདང་པའི་ཁར་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་པར་བརྟེན་སྤྱི་ཚོགས་ནང་ལྐོག་ཟ་རུལ་སྲུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད། གལ་ཏེ་མང་གཙོའི་རིན་ཐང་དེ་དག་ལག་བསྟར་ཐུབ་ཚེ་རྒྱ་ནག་ནང་བརྟན་ལྷིང་ཡོང་ཐུབ་པ་མ་ཟད། བོད་ནང་རྒྱ་ནག་གཞུང་གིས་དམག་དཔུང་ཕོན་ཆེ་བཀོད་སྒྲིག་བྱས་པར་བརྟེན་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྱི་དངངས་འཚབ་དེ་ཡང་ཆུང་དུ་གཏོང་ཐུབ་ངེས་ཡིན།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་མི་ས་ཡ་དྲུག་གི་ཁེ་ཕན་ཙམ་མིན་པར་མི་གྲངས་ཐེར་འབུམ་གྱི་བདེ་དོན་དང་འབྲེལ་བ་ཡོད་སྐོར་བཀའ་སློབ་སྩལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གྲུབ་བསྟུན་ཚོགས་བཅར་བ་མི་གྲངས་ ༨༠༠༠ ཙམ་ཕེབས་ཡོད་པ་རྣམས་ཡར་བཞེངས་ཏེ་༸གོང་ས་མཆོག་གི་བཀའ་སློབ་ལ་དགའ་བསུའི་ཐལ་མོ་དྲག་ཏུ་བརྡབས།
མཛད་སྒོ་གྲོལ་མཚམས་མགོན་པོ་གང་ཉིད་མཆོག་གི་གསེར་ཞལ་མཇལ་བར་ཆེད་མངགས་པོ་ལན་ཌེའི་རྒྱལ་ས་ཝར་སོ་ནས་པོ་ལན་ཌེའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ཕེབས་པ་རྣམས་དང་མཇལ་འཕྲད་མཛད།
སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་དང་ལྷན་དཔལ་འབྱོར་གཅིག་པུ་
མིན་པར་ཁྲིམས་དང་སྨྲ་བརྗོད་ཀྱི་རང་དབང། ཕྱི་གསལ་ནང་གསལ་ཡོང་རྒྱུར་འབད་བརྩོན་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང། དེ་འདྲ་བྱུང་ཚེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འོས་འཚམས་ཀྱིས་རྒྱལ་སྤྱིའི་ནང་གུས་བཀུར་དང་ཡིད་ཆེས་ཐོབ་ཐུབ་པ་མ་ཟད། འཛམ་གླིང་ནང་འགན་ཁུར་ལྡན་པའི་ཐོག་ལས་དོན་གལ་གནད་ཆེན་པོ་བསྒྲུབ་ཐུབ་ཀྱི་ཡོད་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།