༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༠ ཉིན་ཨུ་རུ་སུའི་རྒྱལ་ས་མོ་སོ་ཀོའི་ནང་རྟེན་གཞི་བྱས་པའི་ཨུ་རུ་སུའི་ཚན་རིག་ལྟ་གྲུབ་ཀྱི་ཤེས་ཡོན་ལྷན་ཁང་གི་ཚོགས་ཁང་དུ་ནང་པའི་མཁས་དབང་ཁག་གཅིག་དང་ཚན་རིག་པའི་མཁས་དབང་ཁག་གཅིག་བཅས་ལྷན་འཛོམས་ཐོག་ནང་ཆོས་དང་ཚན་རིག་གི་གླེང་སྟེགས་སྒོར་མོའི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད། ཨུ་རུ་སུ་བོད་གཞུང་སྐུ་ཚབ་དོན་གཅོད་སྐུ་ཞབས་ངག་དབང་རབ་རྒྱས་ལགས་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་ལ་ཐུགས་སྣང་ཆེན་པོས་ཚན་རིག་དང་ནང་ཆོས་དབར་བགྲོ་གླེང་ཚོགས་འདུ་དབུ་འཛུགས་མཛད་ཡོད། ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་ ༢༠ ཙམ་ནང་ལྷན་ཞུགས་མཛད་ཡོད་པ་མ་ཟད། སེམས་དང་སྲོག་གི་བགྲོ་གླེང་ཚོགས་འདུ་བརྒྱུད་དངོས་ཡོད་གནས་ཚུལ་གྱི་ལམ་ནས་འགྲོ་བ་མིའི་བདེ་དོན་གོང་འཕེལ་གཏོང་ཐབས་མཛད་ཡོད། ཚན་རིག་དང་ནང་ཆོས་གཉིས་ཀའི་གཞི་རྩའི་དམིགས་ཡུལ་འགྲོ་བ་མིའི་བདེ་སྐྱིད་གོང་འཕེལ་གཏོང་རྒྱུ་དང་འཛམ་གླིང་གི་གནས་སྟངས་ཇི་ཡིན་གོ་རྟོགས་ཡོང་ཆེད་གཅིག་གྱུར་ཡིན་པ་ཡིད་ཆེས་མཛད་བཞིན་ཡོད།
ཚོགས་འདུ་དེ་བཞིན་ (Centre for Oriental Philosophies Studies, Journal Buddhism of Russia,Kalmyk Buddhist Temple and Tibet Culture and Information Centre) ཞེས་པའི་ཚོགས་པ་དེ་དག་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཚོགས་འདུར་གསུང་བཤད་གནང་མཁན་གཙོ་བོ་ནང་ཆོས་མཁས་དབང་སྐུ་ཞབས་ཨེལ་ལན་ཝལ་ལེ་སི་མཆོག་དང་ཨུ་རུ་སུའི་ཚན་རིག་པ་སྐུ་ཞབས་མེན་སེ་ཀི་མཆོག་ཡིན་འདུག སྐབས་དེར་ཕྱི་དངོས་པོའི་གནས་སྟངས་ཐོག་ནང་བསམ་བློའི་བྱེད་ལས་ཇི་ཡིན་ནང་ཆོས་དང་ཚན་རིག་སོ་སོའི་འདོད་ཚུལ་ཇི་ཡོད་སྐོར་ཕྱོགས་གཉིས་ཀྱི་ལྟ་ཚུལ་སྐོར་དང་། ཀོན་ཊམ་ (Quantum World) གྱི་འཇིག་རྟེན་ནང་སེམས་ཀྱི་རྣམ་གཞག་བཅས་ཀྱི་སྐོར་བགྲོ་གླེང་གནང་ཡོད། ཚོགས་འདུའི་སྐབས་ནང་པའི་ཕྱོགས་ནས་ཏེ་ལོ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང། དགེ་བཤེས་ངག་དབང་ཐུགས་རྗེ་སོགས་ཡིན།