༢༠༡༠ ཟླ་ ༩ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས་ཉིན་བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་། མངའ་སྡེ་ནིའུ་འཇར་སི་ཉེ་ཁུལ་དུ་ཡོད་པའི་ཡོལ་མོ་དང་། ཤར་པ། རྟ་མང་། ཀལ་མུག་སོགས་ཧི་མ་ལ་ཡ་དང་། སོག་པོའི་མི་རིགས་ཀྱི་ཚོགས་པའི་རྒྱུན་ལས་ཉི་ཤུ་ཙམ་གདན་ཞུ་གནང་ནས་སྣེ་ལེན་འདུ་འཛོམས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ནས་སྣེ་ལེན་དངོས་གཞི་འགོ་འཛུགས་མ་གནང་གོང་གསུང་བཤད་མདོར་བསྡུས་ཤིག་གནང་བའི་ནང་། བོད་དང་ཆོས་རིག་གཅིག་གྱུར་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་དང་། དེ་བཞིན་སོག་པོའི་མི་རིགས་དང་མཉམ་དུ་འབྲེལ་བ་ཡག་པོ་འཇོག་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པ་༸གོང་ས་མཆོག་གིས་རྒྱུན་དུ་བཀའ་སློབ་ཕེབས་ཀྱི་ཡོད་པ་བཞིན་དེ་རིང་རྣམ་པ་ཚོ་འདིར་གདན་འདྲེན་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ཡང་དེ་རང་ཡིན་ཞེས་དང་།དེ་རིང་གི་འདུ་འཛོམས་དེ་བརྒྱུད་ཕན་ཚུན་གཅིག་གིས་གཅིག་ལ་ངོ་ཤེས་ཟབ་ཏུ་གཏོང་རྒྱུ་ཙམ་མ་ཟད། རྒྱུས་ལོན་ཟབ་ཏུ་འགྲོ་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། བོད་པའི་ཆོས་ཚོགས་དང་། སློབ་གཉེར་ཁང་ཁག་དང་ཧི་མཱ་ལ་ཡའི་རི་རྒྱུད། དེ་བཞིན་སོག་རིགས་དབར་གྱི་འབྲེལ་བ་ཡག་ཏུ་འགྲོ་ཆེད་དེ་རིང་གི་གོ་སྐབས་དང་བསྟུན་ནས་བསྟན་འཛིན་རྒྱ་མཚོ་སློབ་གཉེར་ཁང་ཞེས་པའི་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ཌེ་ཝིཌ་རན་ཌི་(David Rand) གདན་ཞུ་གནང་ཡོད་ཅིང་། སྐུ་ཞབས་ཌེ་ཝིཌ་རན་ཌི་ནས་གསུང་དོན། དོན་གཅོད་ཁང་ནས་གདན་ཞུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བསྟན་འཛིན་རྒྱ་མཚོ་སློབ་གཉེར་ཁང་གི་རྒྱབ་ལྗོངས་ལོ་རྒྱུས་དང་།སློབ་གཉེར་ཁང་གི་ལས་འཆར་སྐོར་ངོ་སྤྲོད་གནང་བ་མ་ཟད།ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ནས་ག་དུས་ཡིན་རུང་སློབ་གཉེར་ཁང་ལ་འབྲེལ་བ་གནང་རོགས།སློབ་གཉེར་ཁང་གི་ངོས་ནས་གང་ཐུབ་མཐུན་རྐྱེན་ཞུ་གི་ཡིན་ཞེས་གསུང་ཡོད་པ་རེད།དེ་རྗེས་བོད་ཀྱི་ཉེ་རབས་ལོ་རྒྱུས་མདོར་བསྡུས་མཚོན་པའི་གློག་བརྙན་(Unwinking Gaze) ཞེས་པ་བསྟན་སྐབས་ཚང་མའི་ཡིད་དབང་རབ་ཏུ་ཕྲགས་ཏེ་དགའ༌བསུའི་ཐལ་མོ་ཡུན་རིང་བརྡབས་ཡོད། ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་སྣེ་ལེན་འདུ་འཛོམས་ཀྱི་ལས་འགུལ་དེ་རིགས་མུ་མཐུད་ནས་སྤེལ་རྒྱུའི་འཆར་གཞི་ཡོད་པའི་ཁོངས་སུ། སྐབས་རེ་ཚོགས་སྐྱིད་ཁག་གི་མི་སྣ་དང་། སྐབས་རེ་རྒྱ་རིགས་སློབ་ཕྲུག མཁས་དབང་། རྩོམ་པ་པོ། ཤེས་ཡོན་ཅན། ཡང་སྐབས་རེ་གཞོན་སྐྱེས་ཁྱད་ལས་པ། སྐབས་རེ་ཧི་མཱ་ལ་ཡའི་རི་རྒྱུད་དང་སོག་རིགས་མི་སྣ་གདན་ཞུ་གནང་རྒྱུའི་འཆར་གཞི་ཡོད་པ་བཅས།།