༢༠༡༠ ཟླ་ ༩ ཚེས་ ༣ རེས་གཟའ་པ་སངས།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་སླད་གཞིས་བྱེས་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་ཟབ་མོ་སྨིན་སྩལ་ཐོབ་པ་ལྟར། བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༧ ཚེས་ ༢༣ ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡ ཉིན་གྱི་ སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་གི་སྒོ་འཕྱོར་མདུན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང། ཤར་བྱང་ཆོས་རྗེ་རྣམ་གཉིས། སྔ་འགྱུར་རྙིང་མའི་གྱང་ཁང་རིན་པོ་ཆེ་མཆོག་གི་དབུས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པའི་བླ་ཆེན་དང་བླ་ཆེན་རྣམ་པའི་སྐུ་ཚབ། གདན་ས་གསུམ་གྱི་མཁན་པོ་ལས་ཟུར་རྣམ་པ། རྒྱུད་སྨད་ཀྱི་མཁན་ཟུར་རྣམ་པ། བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་འདུ་སྡོད་ཚོགས་བཅར་བ་རྣམ་པ། ཕྱི་རྒྱལ་སྐུ་མགྲོན་དང་དགོན་པའི་སྦྱིན་བདག ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ། སློབ་གྲྭ་ཁག་གི་སློབ་ཕྲུག ས་གནས་མི་མང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མི་མང་བཅས་མི་གྲངས་ ༢༠༥༠༠ བརྒལ་བའི་དབུས་སུ་བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་རིན་པོ་ཆེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག སེར་སྨད་མཁན་རིན་པོ་ཆེ་བློ་བཟང་རབ་དགའ་མཆོག་བཅས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྤོས་སྣེས་སྔོན་བསུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་དེ་སྔོན་འགྲོོའི་གསུང་ཆོས་དང་།
དེ་རྗེས་ཚེ་སྒྲུབ་བཀའ་དབང་སྩལ་རྗེས་བཀའ་སློབ་ཕེབས་དོན། ལུས་ལ་ཆོས་གོས་སྣམ་སྦྱར་གྱོན་ཏེ་ངག་ནས་སྡོད་སྣོད་གསུམ་གྱི་དོན་ཤེས་མཁན་ཞིག་གིས་ལུས་ངག་ཡིད་གསུམ་གྱི་སྤྱྲོད་པ་དེ་ཡང་བསླབ་པ་གསུམ་གྱི་རྩི་ཏོག་ཙམ་ཡོད་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན། ང་ཚོ་བོད་ལ་ཡོད་པ་ལྟ་བུ་བྱས་ཏེ་སྐལ་བཟང་ལུགས་བཟང་ནས་ཕྱིན་ན་ཁྱད་པར་རྩ་བ་ནས་མི་འདུག དེ་རིང་ཁ་སང་གི་དུས་ཚོས་གཉན་འཕྲང་སྒང་ལ་བསླེབས་ཡོད་སྟབས་ཚང་མས་ཡིད་ལ་ལྕགས་བཅུག་སྟེ་གཟབ་གཟབ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན། རྩ་བའི་སྐྱབས་རྗེ་ཕ་བོང་ཁང་ལ་ཆ་བཞག་ན། དཔལ་ཧེ་རུ་ཀ་དངོས་ལྟ་བུ་རེད། འཁོར་ལོ་སྡོམ་པ་དང་ལམ་རིམ་བློ་སྦྱོང་གི་བདག་པོ་དངོས་གནས་ཧ་ལས་པའི་ཡག་པོ་ཞིག་ཡིན། རིགས་འགའ་ཤས་ནས་སྐུར་འདེབས་ཞུས་མཁན་མང་པོ་ཞིག་ཡོང་གི་འདུག་པས་དེ་ནོར་འཁྲུལ་རེད། ཡང་ཅི་མཛད་ལེགས་པར་མཐོང་སྟེ་དོལ་རྒྱལ་སྐོར་ལ་སྐུ་མདུན་སྐུ་གོང་མས་དམ་བསྒྲགས་གནང་མུས་ལ་སྐུ་གོང་མ་དགོངས་པ་རྫོགས་མ་ཐག་དར་སྤེལ་གནང་རྒྱུ་དེ་ཡང་ནོར་འཁྲུལ་རེད་འདུག དེར་བརྟེན་ངོས་ཀྱིས་ཕྱིས་སུ་གནས་ཚུལ་དེ་དག་ཡོངས་རྫོགས་རྟོགས་ནས་དམ་བསྒྲགས་བྱ་རྒྱུ་གནས་ཚུལ་དེ་འདྲ་རེད། རིགས་འགའ་ཤས་ཀྱིས་༸རྒྱལ་བ་རིན་པ་ཆེའི་བཀའ་རེད་ཟེར་ན་དེ་ནོར་འཁྲུལ་ཡིན། ངོས་ཀྱིས་དེ་བརྗོད་དགོས་པའི་རྒྱུ་མཚན་དང་གནད་འགག་གང་ཡིན་པ། དེ་བཞིན་ལོ་རྒྱུས་ག་རེ་བྱུང་བ་དང་བླ་མ་གོང་མ་ཚོས་གང་འདྲ་གནང་འདུག དེ་དག་གཡག་ཞར་བས་རྩྭ་བཟས་པ་ལྟར་ཕྱོགས་གཅིག་མ་མཐོང་བ་མ་བྱས་པར་ཕྱོགས་ཚང་མའི་གནས་ཚུལ་ཤེས་པ་བྱེད་དགོས། དེ་ན་ངོས་ཀྱིས་དམ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་དང་ཁུངས་གང་ཡོད་པ་ཤེས་ཀྱི་རེད། དེ་རིང་ཁ་སང་གི་དུས་ཚོད་ལ་ཆ་བཞག་ནའང་། ཕ་ཕྱོགས་དེར་རྒྱ་མི་གུང་ཁྲན་ནས་དོལ་རྒྱལ་བསྟེན་མཁན་ལ་ཧ་ལས་པའི་རྒྱབ་སྐྱོར་བྱེད་ཀྱི་འདུག བོད་ནང་དོལ་རྒྱལ་བསྟེན་མཁན་དེ་དག་ལ་དམིགས་བསལ་རོགས་རམ་བྱ་རྒྱུ་དང་། དེ་དག་ལ་ཀུན་སློང་བྱས་ཏེ་དོལ་རྒྱལ་བསྟེན་དགོས་པ་རེད།
དེ་བཞིན་དགོན་སྡེ་ཁ་ཤས་ལ་གསར་དུ་བསྟེན་དགོས་པ་རེད། ཅེས་བརྗོད་ཀྱི་ཡོད། དེའི་རྒྱུ་མཚན་དེ་འདྲ་ཞིག་རེད། སྤྱིར་མང་ཆེ་བའི་ཤེས་ཀྱི་ཡོད་ཀྱང་དེ་རིང་ཡང་བསྐྱར་ཞུས་པ་ཡིན། ཁྱེེད་རང་ཚོ་སེར་སྨད་གྲྭ་ཚང་ལ་སྐབས་ཤིག་དཀའ་ངལ་ཆེན་པོ་བྱུང་སོང། དོལ་རྒྱལ་བསྟེན་མཁན་དེ་དག་གིས་མཁྲེགས་པོ་བྱས་ཏེ་ཐ་ན་མི་གསོད་རྒྱུ་དང་ཉེས་རྡུང་གཏོང་རྒྱུ། རྒྱ་མིའི་གུང་ཁྲན་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་ཞིག་ཆགས་སོང། སྨོན་ལམ་ལོག་པའི་དམ་སྲི་རྒྱ་འདྲེ་ངོ་མ་ཆགས་འདུག བོད་ནང་གི་གནས་ཚུལ་ཉོན་དང་ཁྱེད་རང་ཚོས་ཤེས་ཀྱི་རེད། མ་ཤེས་ན་གནས་ཚུལ་ཐ་དད་རེད་མ་གཏོགས། ཤེས་བཞིན་དུ་སོ་སོས་དང་དུ་བླང་ནས་ཕྱིན་ན་ངོས་ཀྱིས་ཤོད་རྒྱུ་གང་ཡང་མེད། ཆོས་དད་རང་མོས་རེད། ཆོས་གང་བྱས་མ་བྱེད་དང་ལྷ་གང་བསྟེན་མ་བསྟེན་སོ་སོའི་འདོད་པ་རེད། འོན་ཀྱང་དེའི་ཁུངས་ལུང་གང་འདྲ་ཡིན་པ་ཤོད་རྒྱུ་དེ་ངོས་ཀྱིས་ལས་འགན་རེད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། དེ་ནས་ཆུ་ཚོད་ ༡༠།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག སྤྱི་འཐུས་ཚོགས་གཞོན་མཆོག་བཅས་ནས་སྤོས་སྣེ་དང་། སེར་སྦྲེངས་བསྟར་སྒྲིག་ཐོག་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདུ་ཁང་སྒོ་འཕྱོར་ནས་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་དངོས་གཞི་རྡོ་རྗེ་སློབ་དཔོན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ཁྲི་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། ཞལ་འདོན་དཀོན་མཆོག་རྗེས་དྲན་གྱི་མདོ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། རྒྱལ་བའི་མཚན་སྔགས་གསོལ་འདེབས། ༸གོང་ས་མཆོག་གི་ཞབས་བརྟན་རྒྱས་པ། ༸རྒྱལ་བའི་འཁྲུངས་རབ་གསོལ་འདེབས་སོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་གསུང་བཞིན་པར་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་དངོས་གཞི་མདོ་ལུགས་བརྟན་བཞུགས་རིམ་བཞིན་འགོ་འཛུགས་ཀྱིས་དགའ་ཁྲི་མཆོག་གིས་མཎྜལ་ལྗགས་བཤད་སྐབས་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་རྗེས། རྡོ་རྗེ་སློབ་དཔོན་མཆོག་སྐུ་བཞེངས་ཀྱིས་ཞལ་འདོན་ཚིག་བསྟུན་གྱི་སྐུ་རྟེན་དང་། གསུང་རྟེན་། ཐུགས་རྟེན། ན་བཟའ་སྣམ་སྦྱར། བླ་གོས། ཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་གསིལ། རྒྱལ་སྲིད་སྣ་བདུན། བཀྲིས་རྟགས་བརྒྱད་། བཀྲིས་རྗས་བརྒྱད་བཅས་རིམ་བཞིན་བསྟར་འབུལ་ཟིན་མཚམས་དབུ་བཞུགས་མཆོག་ནས་མཇལ་ཁ་ཞུས། དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་ཆབས་ཅིག་འབུལ་དངོས་རྣམས་བསྟར་རྗེས་བཀའ་ཁྲི་མཆོག་གི་དབུས་ཆོས་བརྒྱུད་རིས་སུ་མ་ཆད་པའི་བླ་ཆེན་དང་བླ་ཆེན་སྐུ་ཚབ་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་རྣམ་པ། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ལ་མཇལ་ཁ་སྩལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། ངོ་མ་ངོས་ལ་རྨི་ལམ་ཞིག་བྱུང་བ་རེད། རིག་གནས་གསར་བརྗེ་ཆེན་པོ་མ་བྱུང་གོང་དེར་ངོས་རང་ལྷ་སར་མཆོད་མཇལ་ཕྱིན་ཏེ་རང་བྱུང་ལྔ་ལྡན་གྱི་མདུན་དེར་སླེབས་ཀྱི་འདུག རང་བྱུང་ལྔ་ལྡན་མཇལ་སྐབས་ཡར་ཤོག་ཅེས་སྤྱན་བཙུམས་བསྐྱོན་གྱི་འདུག ངོས་རང་ཡར་ཕྱིན་པ་ཡིན། ཧ་ཅང་དགའ་པོ་བྱུང་། རང་བྱུང་ལྔ་ལྡན་གྱི་མགུལ་ལ་འཁྱུད་ནས་སྡོད་སྐབས། རང་བྱུང་ལྔ་ལྡན་གྱིས་ཞལ་ནས། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། །བརྟན་སྤྲོ་ལེ་ལོ་མ་མཆིས་པ། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག ཅེས་རང་བྱུང་ལྔ་ལྡན་གྱིས་དེ་གསུངས་སོང། ངོས་ནས་ཀྱང་དེ་མཉམ་དུ་བཏོན་པ་ཡིན། དེ་དུས་རིག་གནས་གསར་བརྗེ་མཚམས་དེར་རེད། དེ་རྗེས་རང་བྱུང་ལྔ་ལྡན་གྱི་སྐུ་གཏོར་བཤིག་བཏང་བ་རེད། ཕལ་ཆེར་འབྲེལ་བ་ཞིག་ཡོད་པ་འདྲ། གང་ལྟར་སེམས་ཤུགས་མ་ཆག་ལྟ་བུ་གསུངས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། དེ་རྗེས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་གཏང་རག་འདེགས་འབུལ་དང་སྤྱི་འཐུས་རྣམས་ཀྱི་མཇལ་ཁ་ཞུས་གྲུབ་བསྟུན་ཡོན་ཕུལ་བ་དང་། ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་ཤིས་བརྗོད། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་ སོགས་གསུངས་ཏེ་བརྟན་བཞུགས་དངོས་གཞི་ལེགས་པར་གྲུབ་པ་དང་། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ནས་སྤོས་སྣེས་སྔོན་བསུས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདུ་ཁང་ཆེན་མོ་ནས་གཟིམ་ཆུང་དུ་གདན་ཞུས་གནང་ཡོད་པ་བཅས།།