༢༠༡༠ ཟླ་ ༩ ཚེས་ ༧ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༧ ཚེས་ ༢༩ ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༧ ཚེས་ ༡༧ བར་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་གཞུང་གི་བསྟི་གནས་གངས་ཅན་སྐྱིད་གཤོངས་ ཀྱི་གྲོས་ཚོགས་ཁང་དུ་སྐོང་ཚོགས་གནང་འགོ་ཚུགས་ཡོད། དེ་ཡང་ཕྱི་ཟླ་ ༩ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག བཙན་བྱོལ་བོད་གཞུང་གི་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱྲི་འཐུས་རྣམ་པ། ཟུར་ཉན་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གསར་འགོད་པ་དང། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་ ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་ཕེབས་པའི་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་བཀའ་བློན་ལྷན་རྒྱས་དང་། དཔལ་ལྡན་ཚོགས་གཞོན་མཆོག་གི་གཙོས་སྤྱི་འཐུས་རྣམ་པ་ཚང་མར་ཚོགས་གཙོའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ཚོགས་འདུ་འདི་ཉེ་ཆར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཕྱི་ལོ་ ༢༠༡༠ ཚོགས་ཟིན་པ་དང་། དེ་བཞིན་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་པ་མ་ཟད།
ང་ཚོ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ཧྲིལ་པོ་ ༥༠ འཁོར་བའི་མང་གཙོ་དུས་ཆེན་སྲུང་བརྩི་ཞུས་པའི་ལས་རིམ་ཁྱད་པར་ཅན་གསུམ་གྱི་རྗེས་དེ་རིང་ཚོགས་ཆེན་འདི་ཚོགས་ཀྱི་ཡོད། ལྷག་པར་དུ་བཙན་བྱོལ་དུ་བསླེབས་ནས་ལོ་ ༥༠ འཁོར་བའི་རྗེས་ལ་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འཚོགས་རྒྱུའི་གོ་སྐབས་དང་པོ་ཆགས་ཀྱི་ཡོད། བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ནང་ལ་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་དང་། གཞུང་འབྲེལ་མ་ཡིན་པའི་འཐུས་མི། དེ་བཞིན་རྒྱུན་དུ་བོད་དོན་ཐོག་ཐུགས་སྣང་གནང་མཁན་འཐུས་མི་བཅས་མི་གྲངས་ ༣༣༦ ཙམ་འདུ་འཛོམས་ཀྱིས་ཉིན་ལྔ་ལྷག་རིང་བརྗོད་གཞི་གཞིར་བཟུང་ཆབ་སྲིད་དང་། དེ་བཞིན་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་དང་འབྲེལ་བ་ཡོད་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོ་བྱུང་ཡོད། བགྲོ་གླེང་ཇི་བྱུང་དེ་དག་ཐམས་ཅད་ཤོག་གྲངས་ ༣༢ ཅན་གྱི་ནང་བརྗོད་གཞི་རེ་རེ་དང་འབྲེལ་བའི་གྲོས་ཆོད་མང་ཉུང་མི་འདྲ་བ་མང་པོ་ཞིག་བསླེབས་ཡོད། བསམ་ཚུལ་ཕྱོགསབསྡོམས་བྱས་པ་དེ་དག་ཀྱང་བཀོད་ཡོད། བསམ་ཚུལ་ཆ་ཚང་ལག་བསྟར་ཞུས་ཐུབ་ཀྱི་རེད་ཅེས་ཞུས་ཐབས་མེད་ཀྱང་དུས་ཡུན་ཐུང་ཐུང་ཞིག་གི་ནང་བྱེད་དགོས་རྒྱུ་ཁག་གཅིག་དང་། མ་འོངས་པའི་བཀའ་ཤག་དང་སྤྱི་འཐུས་ཀྱི་བྱེད་དགོས་པའི་ལས་དོན་མང་པོ་ཞིག་ཡོད། ཁ་སེང་ཚོགས་ཆེན་གྱི་མཇུག་བསྡོམས་སྐབས་ཚོགས་གཙོས་ཞུས་པ་བཞིན་མ་འོངས་པའི་བཀའ་ཤག་དང་། སྤྱི་འཐུས། དེ་བཞིན་ལས་ཀྱི་སྣེ་མོ་བ་སུ་ཞིག་ཡིན་ཡང་ད་ལྟ་བསམ་འཆར་ཕྱོགས་བསྡོམས་བྱས་པ་དེའི་ནང་དོན་གང་འཁོད་ཡོད་པ་དེ་ལག་བསྟར་ཐུབ་པ་དེ་དག་ཐུབ་པ་དང་། མ་ཐུབ་པ་དེ་དག་མ་ཐུབ་པའི་གནས་སྟངས་ཞིག་མང་ཚོགས་ནང་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་མཚུངས་ཐེངས་འདིའི་མང་གཙོ་དུས་ཆེན་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་གཉིས་ཀྱི་ཚབ་ཞུས་ཏེ་གསེར་གྱི་ཕྱག་ཐམ་ཞིག་འབུལ་ལམ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད། ཚང་མས་མཁྱེན་གསལ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་བསྡོམས་དང་། བརྟན་བཞུགས། དེ་བཞིན་མང་གཙོ་དུས་ཆེན་ཐེངས་ ༥༠ སྲུང་བརྩི་ཞུས་སྐབས་རིན་ཐང་བྲལ་བའི་བཀའ་སློབ་རྩ་ཆེན་སྩལ་བ་དེ་དག་ཚང་མས་ཐུགས་ལ་བཅངས་པའི་ཐོག་དེ་དག་ དོན་འཁྱོལ་གནང་དགོས་རྒྱུ་དེ་འཛིན་སྐྱོང་བཀའ་ཤག་དང་། བོད་མི་མང་སྤྱི་ འཐུས། ལས་ཀྱི་སྣེ་མོ་བ་གཞན། དེ་མ་ཡིན་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་སྒྲུབ་དགོས་རྒྱུ་བཀའ་སློབ་གལ་ཆེན་ཞིག་ལ་ངོས་འཛིན་ཞུས་པ་དང་ཆབས་ཅིག ང་ཚོ་ཚང་མས་དེའི་ཐོག་ནུས་པ་གཅིག་ཏུ་སྒྲིལ་ཏེ་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་བསམ་གྱི་ཡོད། དབོད་ནང་ཆབ་སྲིད་ཀྱི་ཐོག་ནས་ད་ལྟ་ཡིན་ནའང་མུ་མཐུད་ནས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། བོད་དང་བལ་ཡུལ་གྱི་ས་མཚམས་སུ་དམ་བསྒྲགས་ཆེན་པོ་བྱས་རྐྱེན་བོད་ནས་རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་དུ་ཡོང་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་ཡོད་པ་དེ་ཚང་མར་ཤེས་གསལ་རེད། ལྷག་པར་དུ་དགོན་སྡེ་ ཁག་ལ་དམ་བསྒྲགས་བྱེད་རྒྱུ་དང་། དེ་བཞིན་བླ་སྤྲུལ་དང་། མཁས་དབང་། གཞས་པ་རྣམས་ནས་སོ་སོས་རྣམ་དཔྱོད་རྩལ་དུ་བཏོན་ནས་བོད་ནང་བོད་མིའི་སྤྱི་ཚོགས་དང་ཆོས། རིག་གཞུང་། ཁོར་ཡུག སྤྱི་ཚོགས་ལ་སྨན་པའི་རླབས་ཆེན་གྱི་ཕྱག་ལས་གནང་མཁན་རྣམས་རྒྱ་ནག་གཞུང་གིས་གཅིག་རྗེས་གཉིས་མཐུད་ཀྱི་འཛིན་བཟུང་དང་སྐྱོན་འཛུགས་བྱེད་རྒྱུ་སོགས་ཀྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད། རྒྱ་ནག་གཞུང་ནས་གཏིང་ཟབ་བསམ་བློ་གཏོང་ཐུབ་པ་ཡིན་ན་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་དང་རྒྱ་ནག་མི་རིགས་དབར་མཐུན་ལམ་གོང་སྤེལ་གཏོང་རྒྱུར་རྩ་བ་ནས་ཕན་ཐོགས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་བསམ་གྱི་ཡོད། དེ་བཞིན་བོད་ནང་འཛུགས་སྐྲུན་གྱི་མིང་འཁྱེར་ཏེ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་ཐབས་བྱུས་འདོན་རྒྱུ་དེ་དག་ཀྱང་ཕུགས་རྒྱང་རིང་པོའི་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། བོད་མི་རིགས་ཀྱི་མཐུན་ལམ་ལ་གནོད་སྐྱོན་འགྲོ་རྒྱུ་ཞིག་མ་གཏོགས་ཕན་ཐོགས་མཐོང་གི་མི་འདུག དེ་བཞིན་ཕྱི་ཟླ་ ༤ ནང་སྐྱེ་རྒུ་མདོའི་ནང་ས་ཡོམ་བྱུང་བ་དང་། འབྲུག་ཆུའི་ཁུལ་དུ་དྲག་ཆར་བབས་རྐྱེན་ས་རུད་སོགས་འབྱུང་བའི་གནོད་སྐྱོན་ཚབས་ཆེན་བྱུང་སྟེ་བོད་མི་སྟོང་ཕྲག་མང་པོ་ཞིག་ལ་རྒྱུ་ནོར་ལོངས་སྤྱོད་གང་ཅིའི་ཐོག་གོད་ཆག་ཆེན་པོ་བྱུང་བའི་གནས་ཚུལ་ཛ་དྲག་བྱུང་བ་རེད། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ཀྱང་རྒྱ་གཞུང་གིས་མཁྲེགས་བཟུང་གི་སྲིད་བྱུས་འོག་ནས་དོན་འཁྱོལ་བྱེད་མ་ཐུབ་པའི་གནས་སྟངས་ཤིག་ལ་ལྷག་ཡོད། དེར་བརྟེན་དེ་རིང་གི་གྲོས་ཚོགས་ནང་བགྲོ་གླེང་གང་གནང་ཡང་གནས་ཚུལ་འདི་དག་གཞིར་བཞག་ཐོག་ནས་ང་ཚོར་མི་མང་གིས་འགན་བསྐུར་བ་བཞིན་མང་གཙོའི་ལམ་སྲོལ་ཚུལ་དང་ལྡན་པའི་ཐོག་ནས་གྲོས་ཚོགས་འདི་ལམ་ལྷོང་ཡག་པོ་ཡོང་རྒྱུ་དང་། གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་གྲོས་ ཚོགས་ནང་སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ཏེ་ཆ་ཤས་ལེན་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ན་ནིང་སྤྱི་འཐུས་རྒྱུན་ལས་ཀྱིས་ངོས་ནས་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་ཞིབ་བྱེད་རྒྱུའི་ཚོགས་ཆུང་ཞིག་བཙུགས་ཡོད། ཚོགས་ཆུང་བཙུགས་པའི་སྙན་ཐོའི་ནང་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་བྱེད་དགོས་རྒྱུ་ཁག་ད་ལོ་ཕྱི་ ཟླ་ ༣ གྲོས་ཚོགས་ཚོགས་འདུ་ ༩ སྐབས་ཚར་བ་ཁག་སྐབས་དེར་འཁྱེར་ཡོད་པ་དང་། དེ་མིན་གྱི་ཁྲིམས་བཟོའི་ལས་དོན་མང་པོ་ཞིག་ལྷག་ཡོད་པ་དེ་དག་ཐེངས་འདིའི་གྲོས་ཚོགས་ཚོགས་འདུ་ ༡༠ ནང་ཚར་རྒྱུའི་རེ་བ་ཞུ་གི་ཡོད། དེ་བཞིན་ལས་རིམ་ནང་གལ་ཆེ་ཤོས་གསུམ་པ་དེ་ཕྱི་ཟླ་ ༣ གྲོས་ཚོགས་ནང་གྲོས་ཆོད་བཞག་པ་གཞིར་བཟུང་གི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་མང་པོ་ཞིག་བཙུགས་ཡོད། ཆེད་འཛུགས་ཚོགས་ཆུང་ཁག་གཅིག་གི་ལས་དོན་ད་ལྟའི་ཆར་ཆ་ཚང་མ་ཚར་བའི་གནས་སྟངས་དང་། ཁག་གཅིག་ཚར་བ་རེད། ཚར་བ་དེ་དག་མུ་མཐུད་དེ་རིང་གྲོས་ཚོགས་ཀྱི་ནང་འཁྱེར་ཏེ་གྲོས་བསྡུར་མཐིལ་ཕྱིན་པ་བྱེད་རྒྱུ་དང་། མ་ཚར་བ་དེ་དག་ཞིབ་ཚགས་ཡོང་སླད་དུས་འགྱངས་ཞུ་རྒྱུའི་སྙན་ཐོ་དང་གྲོས་ཆོད་འཇོག་རྒྱུ་ཡོང་གི་རེད། དབུ་འབྱེད་ཀྱི་ཉིན་དང་པོའི་སྐབས་གྲོས་ཚོགས་ཀྱི་འཐུས་མི་ ༡༠ ཙམ་ཕེབས་ཐུབ་མི་འདུག དེར་བརྟེན་ཚང་མས་མ་འོངས་པར་གྲོས་ཚོགས་གལ་ཆེན་ཡིན་པ་དང་། གྲོས་ཚོགས་ནང་མཉམ་ཞུགས་བྱེད་དགོས་རྒྱུ་དེ་གྲོས་ཚོགས་འཐུས་མིར་མི་མང་གིས་བསྐུར་བའི་ལས་འགན་གཙོ་བོ་ཞིག་ཡིན་པ་དང་། མང་གཙོའི་ལམ་སྲོལ་ནང་གྲོས་ཚོགས་ཞེས་པ་དེ་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྒྲིག་འཛུགས་རྩ་ཆེན་ཞིག་ཡིན། སྒྲིག་འཛུགས་དེའི་ཆེ་མཐོང་ཉར་རྒྱུ་ནི་ཚོགས་ཁང་འདིའི་ནང་ཡོད་མཁན་ཚོགས་མི་ཚང་མས་དེའི་ཐོག་ཐུགས་ཁུར་དང་ཐུགས་སྣང་གནང་དགོས་རྒྱུ་ཞིག་ཆགས་ཡོད་སྟབས། ཐེངས་འདིའི་གྲོས་ཚོགས་ལམ་ལྷོང་ཡོང་རྒྱུ་དང་། ཚང་མས་ཚུལ་དང་མཐུན་པའི་ཐོག་ནས་སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས་ཆ་ཤས་ལེན་རོགས་གནང་ཞེས་ཚོགས་གཙོས་འབོད་སྐུལ་ཞུ་གི་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང། དེ་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་བཅས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང། དེ་རྗེས་ཆོས་རེིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་སོགས་ནས་རིམ་པས་ལས་ཁུངས་ཁག་གི་ལོ་འཁོར་གཅིག་གི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་ཡོད།