༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཐེངས་གཉིས་པ་འགོ་འཛུགས་ཞུས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཕེབས་ཡོད། དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། ད་ཐེངས་དགེ་རྒན་འོས་སྦྱོང་གི་དུས་ཡུན་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ བར་ཡིན་པ་དང་། འོས་སྦྱོང་ཁོངས་སུ་ཤེས་ཡོན་སྲིད་བྱུས་དགོས་མཁོ་དང་འཚམས་པའི་ཉེ་བའི་གཙུག་ལག་རབ་འབྱམས་(BA) སློབ་ཐོན་པ་གྲངས་ ༡༤ འཛུལ་ཞུགས་གནང་ཡོད་ཅིང་། འོས་སྦྱོང་རིང་ཤེས་ཡོན་གྱི་ལྟ་གྲུབ་དང་ཤེས་ཡོན་གྱི་ལོ་རྒྱུས། བྱིས་པའི་སེམས་ཁམས་རིག་པ། གཞི་རིམ་འོག་མའི་སློབ་ཚན་ཁག་གི་སློབ་འཁྲིད་ཐབས་ལམ། གཞན་ཡང་ཤེས་ཡོན་སྲིད་བྱུས། རིགས་ལམ། དམིགས་བསལ་ཤེས་ཡོན། སློབ་འཁྲིད་སྦྱོང་བརྡར་བཅས་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུངས་ཡོད། དེའི་རྗེས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་དགེ་རྒན་ཚད་ལྡན་ཡོང་ཐབས་དགོས་པའི་སོགས་ལམ་སྟོན་གསུང་བཤད་གནང་གྲུབ་བསྟུན། མཐར་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་འོས་སྦྱོང་དབུ་འབྱེད་ཀྱི་ལམ་སྟོན་གསུང་བཤད་ནང་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་ཉག་ཕྲ་བའི་སྐབས་སུ་དགེ་རྒན་གྱི་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ་ནི་ངོ་མཚར་སྨད་དུ་བྱུང་བ་ཞིག་ཡིན་པ་དང་། ལྷག་པར་གཞི་རིམ་འོག་མའི་དགེ་རྒན་ཁོངས་སུ་ཤེས་ཡོན་སྲིད་བྱུས་དང་དགོས་མཁོའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་ལེགས་ཐོན་ཐོག་བརྒྱ་ཆ་ ༥༠ ཡན་ལོན་པ་ཤ་སྟག་མཉམ་ཞུགས་གནང་བ་ནི་བསྔགས་འོས་སུ་སྣང་ཞིང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་མཐུན་པའི་དགེ་རྒན་ཚད་ལྡན་ཡོང་ཐབས། དགེ་རྒན་གྱི་གལ་གནད། འོས་སྦྱོང་གི་དུས་ཚོད་དང་གོ་སྐབས་དམ་འཛིན་གནང་ཐབས་དང་འབྲེལ་ཡུལ་དུས་གནས་སྐབས་དང་འཚམས་པའི་དགེ་རྒན་སྲི་ཞུ་གྲུབ་ཐབས་སོགས་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་ཡོད། ཤེས་རིག་དྲུང་ལས་སྐལ་བཟང་རིན་ཆེན་ལགས་ནས་ས་རཱ་མཐོ་སློབ་གཙོ་བའི་འོས་སྦྱོང་མཐུན་འགྱུར་གནང་མཁན་འབྲེལ་ཡོད་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་གྲུབ་བྱུང་ཡོད། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ནས་བཟུང་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྔོན་འགྲོ་དང་གཞི་རིམ་འོག་མ། གཞི་རིམ་བར་མ། ཆོས་དགེ་བཅས་ཀྱི་འོས་སྦྱོང་ཁག་ལྔ་ཙམ་གོ་སྒྲིག་ཞུས་པའི་ནང་དགེ་རྒན་གྲངས་ ༡༢༩ ཙམ་གསོ་སྐྱོང་ཐུབ་པ་བྱུང་ཡོད།