༢༠༡༠ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པའི་ཉིན་རྒྱ་གར་ལྷོ་ཁུལ་བོད་མིའི་ཤེས་ཡོན་མདུན་ལམ་སློབ་སྟོན་ཚན་པའི་ལས་ཁུངས་གསར་པ་ཞིག་མོན་གྷོ་གཞིས་ཆགས་སུ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་ཀྱིས་དབུ་འབྱེད་གནང་ཡོད། སྐབས་དེར་མོན་གྷོ་གཏན་སློབ་ཀྱི་རེག་ཊར་དང་། དགེ་ཆེ། དགོན་པའི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི་རྣམ་པ། བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་འགན་འཛིན། དེ་བཞིན་གཞིས་ཆགས་ཀྱི་བརྒྱ་དཔོན་དང་ལས་ཁུངས་ཀྱི་ལས་བྱེད་བཅས་ཀྱིས་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་མར་མོན་གྷོ་གཏན་སློབ་ཀྱི་རེག་ཊར་སྐལ་བཟང་ཟླ་བ་ལགས་ཀྱིས་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་བྱ་དགོས་པའི་གལ་གནད་དང་། དེ་བཞིན་ཕ་མ་རྣམས་ལ་སོ་སོའི་ཕྲུ་གུ་འཚར་ལོངས་ཡག་པོ་ཡོང་ཆེད་འགན་ཁུར་མཉམ་ཞུགས་ཐོག་ལེགས་སྤེལ་ཉེ་འགོག་གི་ལམ་སྟོན་བྱ་དགོས་པའི་སྐུལ་མ་ཡང་གནང་ཡོད། དེ་རྗེས་མོན་གྷོ་ས་གནས་འགོ་འཛིན་གྱིས་མོན་གྷོ་མི་མང་གི་ཚབ་ཞུས་ཏེ་ཤེས་རིག་ལས་ཁུངས་ལ་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྒྱ་ཆེན་པོ་ཡོད་པས་ལྷོ་ཕྱོགས་སུ་ཤེས་ཡོན་མདུན་ལམ་སློབ་སྟོན་པའི་ཚན་པ་ཞིག་བཙུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཤེས་ཡོན་གལ་ཆེ་བའི་སྐོར་གསུང་བཤད་གནང་ཡོད། མདུན་ལམ་སློབ་སྟོན་ཚན་པའི་ལས་ཁུངས་གསར་རྒྱག་ཆེད་སུ་ཝི་ཌེན་ (Sweden) དུ་རྟེན་གཞི་བྱས་པའི་ (SOIR-IM) རོགས་ཚོགས་ཀྱིས་རོགས་སྐྱོར་གནང་བ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༧ ཉིན་ལྷོ་ཁུལ་མདུན་ལམ་སློབ་སྟོན་ཚན་པ་འགོ་འཛུགས་གནང་བ་ནས་བཟུང་ལས་ཁུངས་དེའི་ལས་དོན་ཆ་ཚང་རོགས་ཚོགས་དེ་གས་རོགས་སྐྱོར་གནང་མུས་ཡིན་འདུག
ལྷོ་ཁུལ་བོད་མིའི་ཤེས་ཡོན་མདུན་ལམ་སློབ་སྟོན་ཚན་པའི་ལས་ཁུངས་ཀྱིས་མོན་གྷོ་གཞིས་ཆགས་ཙམ་མིན་པར་སྦེལ་ཀོབ་དང་ཧུན་སུར། སྦེལ་ཀོབ་བདེ་སླར། སྦེལ་ཀོབ་བོད་ཁྱིམ། གུ་རུ་པུ་ར། ཀོ་ལེ་གྷལ། ཅན་དར་གྷི་རི། གོ་ཐན་གྷའོ། མེན་པར་གཞིས་ཆགས་བཅས་ཀྱི་གཏན་སློབ་ཁག་གི་སློབ་མ་རྣམས་ལ་མདུན་ལམ་སློབ་སྟོན་དང་འབྲེལ་བའི་ལས་གཞི་རྒྱུན་བསྐྱོང་གནང་བཞིན་ཡོད། ད་ཆ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མདུན་ལམ་སློབ་སྟོན་ཚན་པའི་གཏན་སྡོད་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་དང་ཁོང་གི་ལས་རོགས་བརྩོན་གྲུས་བཟང་མོ་ལགས་རྣམ་གཉིས་ཡིན་འདུག