༢༠༡༠ ཟླ་ ༩ ཚེས་ ༢༧ རེས་གཟའ་ཟླ་བ།
༅༅། །འདི་གར་ཕྱི་དྲིལ་འགྲེམས་སྟོན་ཚན་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༧ ནས་ ༢༠ བར་ཉིན་གྲངས་བཞི་རིང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་པར་རིགས་འགྲེམས་སྟོན་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཆེད་ས་གནས་སྐོར་བསྐྱོད་ཀྱི་ལས་གཞི་རེ་ཞིག་མཇུག་སྒྲིལ་འདུག དེ་ཡང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཙན་བྱོལ་ནང་གི་འགྲུལ་བཞུད། (Journey into Exile)ཅེས་པ་དང། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ། (Long Look Homeward) ཞེས་པའི་པར་རིགས་འགྲེམས་སྟོན་གྱི་དབུ་འབྱེད་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་སྒྲུབ་ལགས་ཀྱིས་གཞིས་ཆགས་ཀྱི་ཚོགས་ཁང་དུ་གནང་ཡོད། སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགྲེམས་སྟོན་གྱི་ལས་གཞི་ངོ་སྤྲོད་དང་། བོད་མིའི་གཞིས་ཆགས་ཁག་དང་ཉེ་འཁོར་རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་པར་རིགས་འགྲེམས་སྟོན་བྱེད་དགོས་པའི་དམིགས་ཡུལ་སྐོར་གསུང་བཤད་གནང་ཡོད། བོད་མི་རྣམས་བཙན་བྱོོལ་དུ་ལོ ༥༠ རིང་གི་མི་ཚེ་དང། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་ཁོར་ཡུག་དང་རིག་གཞུང་རྩ་མེད་བཏང་ཚུལ། དེ་བཞིན་བོད་མི་རྣམས་ཧི་མཱ་ལ་ཡའི་རི་རྒྱུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་དང་སོ་སོའི་རང་དབང་ཆེད་གྲོས་བཅོལ་དུ་ཡོང་སྐབས་ཀྱི་དཀའ་ངལ་སོགས་ཀྱི་པར་རིགས་འགྲེམས་སྟོན་སྐབས་ས་གནས་མི་མང་དང། འབྲས་སྤུང་དང་དགའ་ལྡན་དགོན་པའི་དགེ་འདུན་པ། གཞིས་གྲོང་ ༦ པའི་སློབ་གྲྭའི་སློབ་ཕྲུག་རྣམས་བཅས་ཁྱོན་མི་གྲངས་ ༣༠༠༠ ཙམ་ཀྱིས་མཉམ་ཞུགས་བྱས་ཡོད།
ཉིན་བཞིའི་རིང་གི་དགོང་དྲོ་བསྟུས་མར་(what remain of us) (Uprising in Tibet-2008) (Lhamo Tso: Behind the sea and Leaving Fear Behind) ཞེས་པ་དངོས་བྱུང་གི་གློག་བརྙན་དེ་དག་གཞིས་གྲོང་དགུའི་ཚོགས་ཁང་དང། དགའ་ལྡན་བླ་སྤྱིའི་ཚོགས་ཁང། པདྨ་ཚལ་ཉལ་ཁང། གཞིས་གྲོང་གསུམ་པའི་མོན་གྷོ་གཏན་སློབ་ཀྱི་ཉལ་ཁང་བཅས་སུ་སྟོན་ཏེ་རེ་ཞིག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ས་གནས་སྐོར་བསྐྱོད་ཐོག་པར་རིགས་ཀྱི་འགྲེམས་སྟོན་གནང་རྒྱུའི་ལས་གཞི་དེ་མཇུག་སྒྲིལ་ཡོད་པ་བཅས།།