༢༠༡༠ ཟླ་ ༩ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཉི་ཧོང་གི་ཟུར་ཟའི་རི་མོ་མཁས་པ་ཏེཊ་སུ་སཱ་ཝ་(Tetsu Saiwai)ཞུ་བ་ཞིག་གིས་ལོ་ཁ་ཤས་སྔོན་ནས་སྐུ་ལས་བསྐྱོན་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་རྣམ་ཐར་ཁག་མངྒ་(Manga)ཞེས་པའི་ཉི་ཧོང་གི་ཐུན་མོང་མ་ཡིན་པའི་རི་མོའི་དཔེ་དེབ་ཀྱི་གཟུགས་སུ་འགོད་རྒྱུའི་འཆར་གཞི་སྒྲིག་ཡོད་པ་ལྟར་ད་ཆ་དཔེ་དེབ་དེ་བཞིན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཔེ་སྐྲུན་ཁང་གྲགས་ཅན་དང་ཆེ་ཤོས་ཀྱི་གྲས་པེན་གུན་(Penguin)ཅེས་པ་དེ་ནས་པར་སྐྲུན་གནང་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། དཔེ་དེབ་དེ་ཡང་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་འཛམ་གླིང་གི་དཔེ་དེབ་ཚོང་ཁང་ཁག་ཏུ་ཡོངས་ཁྱབ་སྤུས་ཚོང་ཆེད་འདོན་སྤེལ་གནང་རྒྱུ་ཡིན་འདུག དཔེ་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༣༥ ལོར་བོད་ཤར་ཕྱོགས་མདོ་སྨད་དུ་སྐུ་བལྟམས་པ་དང་། ཇི་ལྟར་བྱས་ནས་ཡང་སྲིད་བཙལ་འཚོལ་བྱུང་བ། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་ཆོས་སྲིད་ཐུགས་འགན་བཞེས་ཕྱོགས། གཞན་ཡང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་སྐོར། ཕྱོགས་མཚུངས་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་ཆེད་སྐུ་ལས་འཛད་མེད་བསྐྱོན་སྐོར་དང་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་སོགས་ཀྱི་མཛད་འཕྲིན་རྣམས་དཔེ་དེབ་ནང་རི་མོའི་ལམ་ནས་གསལ་སྟོན་གནང་ཡོད་པ་རེད། ཤོག་གྲངས་ ༢༠༨ ཅན་གྱི་དཔེ་དེབ་དེ་དབྱིན་སྐད་ནང་པར་སྐྲུན་ཐོག་མ་ཡིན་པ་མ་ཟད། རིན་གོང་ཡང་ཨ་སྒོར་ ༡༥ སྤུས་ཚོང་གནང་རྒྱུ་ཡིན་འདུག དཔེ་དེབ་དེ་ཡང་བོད་སྐད་ཐོག་ཕབ་སྒྱུར་ཟིན་ཏེ་བོད་གཞུང་ཤེས་རིག་ལས་ཁུངས་ནས་རྒྱས་བསྡུས་ཁག་གཉིས་འདོན་སྤེལ་གནང་ཡོད། དེ་བཞིན་འཛམ་གླིང་གི་སྐད་རིགས་གཞན་དག་ནང་དུའང་འདོན་སྤེལ་གནང་ཐབས་བྱེད་བཞིན་ཡོད་པ་བཅས།།