༢༠༡༠ ཟླ་ ༩ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་མ་ཧཱ་རཱཤཀྲའི་མངའ་སྡེའི་གྲོང་ཁྱེར་པུ་ནེ་ (Pune) ནང་རྟེན་གཞི་བྱས་པའི་ཏེ་ཇི་གྱཱན་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱང་སྟེ་ཞི་བའི་དུས་སྟོན་ (Happy Thoughts World Peace) གྱི་མཛད་སྒོ་དབུ་འབྱེད་མཛད་རྒྱུ་ཡིན་འདུག དུས་སྟོན་དེ་ཏེ་ཇི་གྱཱན་ཞེས་པའི་ཚོགས་པས་ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ནང་གོམ་པ་རིམ་སྤོས་ཀྱིས་ཞི་བདེ་སྤེལ་ཐབས་གནང་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་འདུག དེ་ཉིན་ཚོགས་པ་དེས་གོ་སྒྲིག་འོག་རྒྱ་གར་ནང་གྱི་གྲོང་ཁྱེར་ཆེ་ཁག་ ༥༠ ཙམ་གྱི་ནང་ཞི་བདེའི་ཉིན་མོ་སྲུང་བརྩི་ཞུ་འཆར་ཡོད་འདུག དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་པུ་ནེ་ནང་ཕྱི་ཟླ་ ༡༠ ཚེས་ ༡༠ སྔ་དྲོ་ཆུ་ཚོད་ ༡༠ དང་སྐར་མ་ ༡༠ ཐོག་ཞི་བའི་ཉིན་མོ་དབུ་འབྱེད་མཛད་རྒྱུ་དང། སྐབས་དེར་མི་གྲངས་ ༡༠༠༠༠༠ ཙམ་ལ་༸གོང་ས་མཆོག་གིས་རྒྱལ་ཁབ་ཕན་ཚུན་དབར་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་དབུ་འབྱེད་མཛད་སྒོའི་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག གཞན་ཡང་སྐབས་དེར་རྒྱ་གར་བ་ལྕམ་ཀི་རན་བྷེ་ཊི་(Kiran Bedi) དང་། སྐུ་ཞབས་ཝི་ཇེ་བྷཏ་ཀར། སྐུ་ཞབས་མ་ཇུམ་ཌཱར་བཅས་ཀྱང་ལྷན་བཞུགས་གནང་རྒྱུ་ཡིན་འདུག དབུ་འབྱེད་མཛད་སྒོ་དེ་བཞིན་བརྙན་ཕྲིན་ནང་ཐད་ཀར་རྒྱང་སྲིང་གནང་འཆར་འདུག་པ་བཅས།