༢༠༡༠ ཟླ་ ༩ ཚེས་ ༡༧ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧང་གྷ་རི་ནང་པའི་ལྷན་ཚོགས་(Hungarian Buddhist Communities) དང་ཧང་གྷ་རི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་(Hungarian Parliament’s Tibet Group) ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་དེ་རིང་ཧང་གྷ་རིར་ཆིབས་སྒྱུུར་བསྐྱངས་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་རྒྱུའི་ཕྱག་འཁྱེར་གྲངས་ ༢༢༤༠༠ ཙམ་བྲིན་ཟིན་པ་མ་ཟད། ཕྱག་འཁྱེར་ཚོང་མཁན་གྱི་ལས་ཁུངས་སུ་ཉིན་ལྟར་ཕྱག་འཁྱེར་ཚོང་རོགས་ཞེས་མང་ཚོགས་ནས་འབོད་སྐུལ་ཞུས་སྟབས་གསུང་ཆོས་ཕྱག་འཁྱེར་འཕར་མ་གྲངས་ ༥༠༠༠ ཙམ་དཔར་སྐྲུན་བྱས་པ་དེ་ཡང་ད་ཆ་བྲིན་ཟིན་པའི་ཚོད་དཔག་བྱེད་བཞིན་ཡོད། ཕྱི་ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷུ་ཌ་པེ་སིར་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་བཀའ་སློབ་སྩལ་རྒྱུ་དང། ཉིན་དེའི་ཕྱི་དྲོ་མགོན་པོ་གང་ཉིད་མཆོག་ལ་བྷུ་ཌ་པེ་སིའི་གྲོང་ཁྱེར་གྱི་ཆེས་བསྟོད་མི་སེར་གྱི་ཕྱག་འཁྱེར་ཞིག་གྲོང་ཁྱེར་གྱི་ཚོགས་ཁང་(City Hall) དུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་རྒྱུ་མ་ཟད། ཉིན་རྒྱབ་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེ་ནི་བདེ་སྐྱིད་བསྐྲུན་ཐབས་ཤིག་ཡིན། (Compassion: Art of Happiness) ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གཉིས་རིང་གི་གསུང་ཆོས་སྐབས་རྒྱལ་ཁབ་འདྲ་མིན་ ༣༢ ཙམ་ནས་ཆེད་ཕེབས་གནང་བའི་མང་ཚོགས་འདུ་འཛོམས་གནང་འཆར་ཡོད་པ་མ་ཟད། གསུང་ཆོས་སྐབས་མི་འབོར་ཕོན་ཆེ་བ་ཨུ་རུ་སུ་དང་རོ་མ་ནི་ཡ། ཊན་སེལ་ཝེ་ནི་ཡའི་མངའ་ཁུལ་ནས་མཉམ་ཞུགས་གནང་རྒྱུ་ཡིན་འདུག ༸གོང་ས་མཆོག་གདན་ཞུ་གོ་སྒྲིག་ཚོགས་ཆུང་ནས་བརྗོད་གསལ་ལྟར་ན་གསུང་ཆོས་ཀྱི་ཕྱག་འཁྱེར་གཟིགས་མཁན་ཁོངས་སུ་བརྒྱ་ཆ་ ༡༠ ཙམ་ནང་པ་ཡིན་པ་དང་། བརྒྱ་ཆ་ ༩༠ ཐམ་པ་ཆོས་ལུགས་འདྲ་མིན་ནས་ཡིན་ལུགས་བརྗོད་ཡོད། གསུང་ཆོས་ཀྱི་ཕྱག་འཁྱེར་མ་ཐོབ་པ་རྣམས་ཀྱི་ཆེད་ (esoguru.com) ཞེས་པའི་དྲ་རྒྱའི་ཐོག་གསུང་ཆོས་ཐད་ཀར་གཟིགས་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དེ་བཞིན་སྐད་རིགས་དྲུག་ཙམ་ནང་བསྒྱུར་ཏེ་རྒྱང་སྲིང་ཞུ་རྒྱུ་འཆར་ཡོད་པ་དང། ད་བར་རྒྱལ་ཁབ་ ༧༣ ནས་མི་གྲངས་ ༡༢༠༠༠ ཙམ་གྱིས་མིང་གཞུང་དྲ་རྒྱའི་ནས་ཐོ་འགོད་བྱས་ཡོད། དེ་བཞིན་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧང་གྷ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་གོང་མར་བཀའ་སློབ་སྩལ་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ སྔ་དྲོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ས་བྷུ་ཌ་པེ་སི་ནས་འཇར་མ་ནིའི་གྲོང་ཁྱེར་པ་ས་ཨུར་(Passau, Germany) ཆིབས་༸ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།