༢༠༡༠ ཟླ་ ༨ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༡ ནས་ཚེས ༡༥ བར་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་གཉིས་མེལ་བྷོན་ཁུལ་དུ་གཞུང་དོན་ཕྱོགས་བསྐྱོད་ཀྱིས་ས་གནས་རྒྱ་བོད་མཛའ་འབྲེལ་ཚོགས་པ་དང་། བོད་རིགས་མཐུན་ཚོགས། བོད་ཀྱི་བུད་མེད་རྒྱབ་སྐྱོར་ཚོགས་པ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གཅིག་གི་བླ་སྤྲུལ་དགེ་བཤེས་དང་ལྷན་མཇལ་མོལ་གནང་ཡོད། ཕྱི་ཚེས་ ༡༢ ཉིན་མེལ་བྷོན་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡུལ་ཧྲི་ཤིང་གི་གཙོས་རྒྱུན་ལས་ཚོགས་མི་རྣམས་དང་། རྒྱ་ནག་མང་གཙོ་ལས་འགུལ་ཚོགས་པའི་ཚོགས་མི་ཁག་གཅིག གནམ་བདེ་སྒོ་མོའི་དུས་བབ་ཚགས་ཤོག་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་རོན་ཇེས་གཙོས་རྩོམ་སྒྲིག་ཁང་གི་ལས་བྱེད་རྣམས། དེ་བཞིན་རྒྱ་ནག་ནང་ས་ནས་ཕེབས་པའི་རྒྱ་རིགས་ཁག་གཅིག་བཅས་ནས་གསོལ་སྟོན་བཤམས་ཏེ་རྒྱ་བོད་མི་རིགས་གཉིས་དབར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་ཐད་གོ་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་སྐུ་ཞབས་རོན་ཇེས་ཀྱིས་གསུང་དོན། རྒྱ་མི་ཚོས་བོད་ཀྱི་གནད་དོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་རྒྱ་ཡིག་དྲ་རྒྱ་དང་དེ་བཞིན་དྲ་རྒྱ་གཞན་ནས་ཤེས་རྟོགས་བྱུང་བ་ལས། བོད་མི་གང་ཟག་གཅིག་ནས་རྒྱ་ནག་གཞུང་གིས་བཙན་གནོན་འོག་སྡུག་སྦྱོང་དང་མནར་གཅོད་མྱོང་བའི་མི་ཚེའི་ལོ་རྒྱུས་ད་བར་རྒྱ་ཡིག་ཐོག་མཐོང་དཀའ། དེར་བརྟེན་རྒྱ་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་རྒྱ་ཡིག་ཚགས་ཤོག་ནང་བོད་མིའི་ཡ་ང་བའི་ལོ་རྒྱུས་དེ་དག་འགོད་ཐུབ་ཚེ། རྒྱ་རིགས་ཚོས་བོད་དོན་ལ་རྒྱུས་ལོན་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་མ་ཟད། དེ་བཞིན་སླད་ཕྱིན་ཟླ་རེར་ཁོང་ཚོའི་དུས་བབ་ཚགས་ཤོག་ནང་ལས་རིམ་དེའི་ཆ་ཤས་འཇོག་རྒྱུའི་ཐག་གཅོད་གནང་ཡོད། དེ་ནས་སྐུ་ཚབ་དོན་གཅོད་ཀྱིས་གསུང་དོན། མེལ་བྷོན་རྒྱ་ཡིག་ཚགས་ཤོག་ནང་བོད་མིའི་ཡ་ང་བའི་ལོ་རྒྱུས་དེ་དག་རིམ་བཞིན་འགོད་རྒྱུའི་ཐག་གཅོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་༸གོང་ས་མཆོག་གིས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་དབར་འཆམ་མཐུན་དང་ཡིད་ཆེས་སླེབས་ཆེད་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞིག་དགོས་གལ་ཆེ་བའི་བཀའ་སློབ་རིམ་ཕེབས་ལྟར། ཨོ་སི་ཊོ་ལི་ཡའི་མེལ་བྷོན་ཁུལ་དུ་བཙུགས་པའི་ཚོགས་པས་ད་བར་ལས་དོན་བསྒྲུབས་པར་བསྔགས་བརྗོད་གནང་བ་དང་ལྷན་མཐུན་ཚོགས་དེ་ནས་བོད་རྒྱ་མི་རིགས་གཉིས་དབར་གྱི་ཡིད་ཆེས་བསྐྱར་སྐྲུན་དང་། འབྱུང་འགྱུར་བོད་རྒྱའི་གནས་སྟངས་ཐད་ཕན་ཚུན་རོགས་འདེགས་བྱ་རྒྱུ། མི་རིགས་གཉིས་ཀྱི་མངོན་འདོད་དང་། ༸གོང་ས་མཆོག་གི་དགོངས་གཞི་བཅས་ཕན་ཚུན་ངོ་སྤྲོད་ཆེད་དུ་རིག་གཞུང་བརྗེ་རེས་གནང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞེས་གསུངས་ཡོད། དེ་བཞིན་གསར་དུ་འདེམས་ཐོན་བྱུང་བའི་མེལ་བྷོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོས་དབུས་རྒྱུན་ལས་རྣམས་དང་མཇལ་མོལ་སྐབས། རིང་མིན་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་འོས་བསྡུའི་སྐབས་རང་ལོ་ ༡༨ ཡན་ཟིན་པའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་པའི་འབོད་སྐུལ་ཡང་གནང་ཡོད། ཕྱོགས་མཚུངས་མེལ་བྷོན་རྒྱ་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་གང་མགྱོགས་རྒྱ་བོད་མི་རིགས་གཉིས་དབར་རིག་གཞུང་སྤེལ་རེས་ཀྱི་ལས་འགུལ་ཞིག་ཀྱང་གོ་སྒྲིག་ཞུ་རྒྱུ་ཡིན་འདུག་པ་བཅས།།
ཨོ་སི་ཊོ་ལི་ཡའི་རྒྱ་ཡིག་ཚགས་ཤོག་ནང་བོད་མིའི་ལོ་རྒྱུས་འདོན་སྤེལ་གནང་རྒྱུ་ཡིན་འདུག
གསར་གནས།
འབྲེལ་གནས།