༢༠༡༠ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རི་གཞུང་ཚབ་ཁང་ནས་ཕྱི་ཚེས་ ༡༧ ཉིན་གསར་འགོད་གསལ་བསྒྲགས་སྤེལ་དོན་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་དབུས་ཨེ་ཤི་ཡའི་ལས་དོན་ཚོགས་ཆུང་གི་དྲུང་གཞོན་ལས་ཚབ་སྐུ་ཞབས་ཨ་ཏུལ་ཀེ་ཤབ་ (Atul Keshap) མཆོག་ཉིན་གསུམ་རིང་བལ་ཡུལ་ནང་འཚམས་གཟིགས་སུ་ཕེབས་འདུག སྐུ་ཞབས་ཨ་ཏུལ་ཀེ་ཤབ་མཆོག་བལ་ཡུལ་དུ་ཕེབས་དོན་གཙོ་བོ་ནི་ཨ་རི་དང་བལ་ཡུལ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱི་དང་བལ་ཡུལ་སྲིད་གཞུང་གཉིས་ཀྱིས་བལ་ཡུལ་ནང་གནས་སྡོད་བོད་མི་དང་འབྲུག་པ་སྐྱབས་བཅོལ་བ་རྣམས་ཀྱི་གནས་སྟངས་ལ་མཐུན་འགྱུར་རོགས་རམ་ཇི་འདྲ་གནང་བཞིན་ཡོད་མེད་རྟོག་ཞིབ་གནང་རྒྱུ་ཡིན་འདུག སྐུ་ཞབས་ཨ་ཏུལ་ཀེ་ཤབ་མཆོག་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལྷོ་དབུས་ཨེ་ཤི་ཡའི་ལས་དོན་ཚོགས་ཆུང་གི་ཁོངས་སུ་ཚུད་པའི་རྒྱ་གར་དང་བལ་ཡུལ། ཤི་རི་ལངྐ། བྷང་ལ་ཌེ་ཤི། འབྲུག མལ་ཌེབ་བཅས་རྒྱལ་ཁབ་དྲུག་གི་ཚོགས་གཙོར་བསྐོ་གཞག་བྱུང་རྗེས་བལ་ཡུལ་དུ་ཕེབས་ཐེངས་དང་པོ་ཡིན་འདུག་པ་བཅས།།