༢༠༡༠ ཟླ་ ༨ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ ཉིན་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་དཔེ་མཛོད་བར་སྟེང་ཚོགས་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་རིམ་དང་པོ་དང་འབྱུང་འགྱུར་ཚིག་མཛོད་ཆེན་མོ་བཟོ་འཆར་གྱི་བགྲོ་གླེང་ཞིག་ཚོགས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། སྐུ་སྒེར་དྲུང་ཆེ་ཚེ་རྒྱམ་ལགས། རང་གཞུང་གི་དྲུང་ཆེ་རྣམ་པ། ཤེས་ཡོན་བསྟི་གནས་ཁང་གི་དོ་སྣང་ཅན་གྱི་མི་སྣ་ཁག་གཅིག སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། གསར་འགོད་པ་བཅས་མི་གྲངས་ ༧༠ བརྒལ་བ་ལྷན་འཛོམས་ཐོག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས།
སྨོན་ལམ་བོད་ཡིག་བརྙན་ཆས་བཟོ་སྒྲིག་པ་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་སྐོར་ངོ་སྤྲོད་གནང་དོན། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་། དྲུང་ཆེ་རྣམ་པ། སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ་དེ་རིང་འདིར་ཕེབས་པར་གུས་འདུད་ཞུ་རྒྱུ་ཡིན། ང་རང་གློག་ཀླད་ཚན་རིག་དང་ཆེད་ལས་ཐོག་དམིགས་བསལ་སྦྱང་པ་མེད་ནའང། གདན་སར་དཔེ་ཆ་ལྟ་ཞོར་གང་ཐུབ་ཀྱིས་ཕལ་ཆེར་ཕྱི་ལོ་ ༢༠༠༣ ཙམ་ནས་བོད་ཕྱི་ནང་ལ་གློག་ཀླད་ནང་བོད་ཡིག་དབུ་ཅན་དེ་འདྲ་ཡོད་ཀྱང་དབུ་མེད་དེ་ཚོ་བཟོ་ཐུབ་ན་བསམ་པའི་གཙོ་བོ་བོད་ཀྱི་སྐད་ཡིག་དེ་དེང་དུས་ཀྱི་བརྒྱུད་ལམ་ཁྲོད་ཆ་ཚང་བ་ཞིག་ཡོང་བར་སོ་སོའི་འཆར་སྣང་བསམ་བློ་བཏང་ཡོང་དུས་དང་པོ་ཡིག་གཟུགས་དང་། གཉིས་པ་སྐད་ཀྱི་གདངས། གསུམ་པ་མིང་གི་འགྲོ་སྟངས་དང་། བཞི་པ་ཚིག་གི་འགྲོ་སྟངས་ཆ་ཚང་བ་ཞིག་བཟོ་ཐུབ་ན་བསམ་སྟེ་ཡིག་གཟུགས་དེ་དག་བཟོས་པ་ཡིན་ཞེས་སོགས་གསུང་བཤད་སྒྲུབ་བསྟུན། སྐུ་སྒེར་དྲུང་ཆེ་དང་བཀའ་ཁྲི་མཆོག་གིས་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ལ་ལེགས་གསོའི་མཇལ་དར་གནང་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། ཚིག་མཛོད་རྩོམ་པ་པོ་བློ་བཟང་སྨོན་ལམ་ལགས། དེ་བཞིན་དེ་རིང་རྡ་ས་ཁུལ་གྱི་མཁས་དབང་ཚོ་དང་དྲུང་ཆེ་རྣམ་པ། སྤྱིར་སྟངས་བོད་ཀྱི་གཞུང་ཆེན་མོར་སློབ་གཉེར་བྱེད་པ་ལ་ཐ་སྙད་རིག་པ་ཡང་སློབ་གཉེར་མ་བྱེད་ཐབས་མེད་རེད། དེར་བརྟེན་དེ་འདྲ་ཕྲན་བུ་ཞིག་ཆུང་དུས་ནས་སྦྱངས་པ་རེད། དེ་ནས་ ༡༩༦༡ ནས་ ༡༩༧༡ བར་ལོ་བཅུའི་རིང་གཞི་རིམ་སློབ་གྲྭ་ཁག་ལ་དགེ་རྒན་བྱེད་སྐབས་སྐད་ཡིག་བསླབས་པ་ཡིན། བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་དང་སྒྲ་གདངས། ཚིག་མཛོད་དང་བཅས་པ་ཚང་མའི་ཐོག་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་ཡོད་པ་དང། གྲུབ་འབྲས་འདིས་བོད་མི་རིགས་དང་བོད་ཀྱི་ཆབ་སྲིད་ཙམ་དུ་མ་ཟད་བོད་ཀྱི་སྐད་ཡིག་ལའང་ཕུག་རྒྱང་རིང་པོའི་ཞབས་འདེགས་བསྒྲུབས་ཡོད་བསམ་གྱི་འདུག བསླབ་པ་ཀུན་གྱི་གཞིར་འཛིན་ཅིང་། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ཞེས་གསུངས་པ་བཞིན་ཆོས་དང་འཇིག་རྟེན་གང་ཡིན་རུང་སྐད་ཡིག་གི་གཞི་དེ་མེད་ན་སྒྲུབ་ཐུབ་རྒྱུ་མེད། ལྷག་པར་དུ་མི་རིགས་ཟེར་བ་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང། མི་རིགས་ཐ་དད་དབྱེ་རྒྱུའི་གཞི་རྩ་དེ་སྐད་ཡིག་ཐོག་ནས་ཕྱེ་གི་ཡོད་པ་ལས་དེ་མ་ཡིན་པའི་མི་རིགས་ཐ་དད་དུ་དབྱེ་བ་ཕྱེ་བྱེད་ཀྱི་གཞི་རྩ་གཞན་གང་ཡང་མི་འདུག་བསམ་གྱི་འདུག བོད་མི་རིགས་དང་རྒྱ་མི་རིགས་གཉིས་གཅིག་པ་ཡིན་མིན་སྐད་ཆ་འདྲི་སྐབས་མི་རིགས་གཉིས་པོ་གཅིག་པ་ཡིན་མིན་དང་། ཐ་དད་ཡིན་མིན་ལྟ་རྒྱུའི་གཞི་རྩ༌ཁ་ཤས་ཡོད་པའི་ནང་ནས་གཞི་རྩ་གལ་ཆེ་ཤོས་དང་རྩ་ཆེ་ཤོས་ནི་སྐད་དང་ཡི་གེ་གཉིས་ཆགས་ཀྱི་ཡོད། དེ་འདྲ་ཡིན་དུས་སྐད་དང་ཡི་གེ་ཐ་དད་ཡོད་པ་དེའི་མི་རིགས་གཅིག་པ་མིན་པ་དང། སྐད་དང་ཡི་གེ་ཐ་དད་དེ་ལ་བརྟེན་ནས་བསམ་བློ་གཏང་ཕྱོགས། སྤྱོད་པ་འཁྱེར་ཕྱོགས། མི་ཚེ་སྐྱེལ་སྟངས། ཐར་ཐུག་ཚེ་རབས་བརྟན་གྱི་འདུན་མ་སྒྲུབ་སྟངས། གནས་སྐབས་ཆབ་སྲིད་ཀྱི་བྱ་བ་བྱེད་སྟངས་དེ་ཚོ་ཚང་མའི་ཐོག་མི་འདྲ་བ་ཞིག་འདིའི་ཐོག་ནས་སླེབས་ཀྱི་ཡོད་ཙང་སྐད་ཡིག་འདི་མི་རིགས་ཀྱི་ངོས་འཛིན་གཙོ་བོ་རེད་ཅེས་བརྗོད་ནའང་མ་འགྲིག་པ་གང་ཡང་མི་འདུག་བསམ་གྱི་འདུག དེའི་ནང་ནས་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་གཞན་གྱི་སྐད་ཡིག་དང་བསྡུར་བ་ཡིན་ན་སྐད་གྱི་སྒྲ་འདི་སྔ་མོ་བོད་སྲིད་པ་ཆགས་པ་ནས་ཡོད། འོན་ཀྱང་བོད་ཀྱི་ཡི་གེ་དང་རྡ་སྤྲོད་ཀྱི་རྣམ་བཞག་དེ་ལུང་སྟོན་པའི་རྣམ་བཞག་གཞན་དང་བསྡུར་བ་ཡིན་ན་རྙིང་པ་ཞིག་མ་རེད། ཕྱི་ལོ་བརྒྱ་ཕྲག་བདུན་པའི་མཇུག་དང་བརྒྱད་པའི་འགོར་གཞི་ནས་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་བཞག་དེ་བྱུང་བ་རེད། དེ་འདྲ་ཡིན་དུས་ལེགས་སྦྱར་གྱི་རྡ་སྤྲོད་ཀྱི་རྣམ་བཞག་དང་དེ་བཞིན་རྒྱ་གར་ནང་ཡོད་པའི་སྐད་ཡིག་གཞན་གྱི་རྡ་སྤྲོད་ཀྱི་རྣམ་བཞག དེ་བཞིན་ནུབ་ཕྱོགས་ཀྱི་སྐད་ཡིག་གི་རྡ་སྤྲོད་ཀྱི་རྣམ་བཞག་དེ་ཚོར་བལྟས་པ་ཡིན་ན་ད་ལྟ་གཞོན་གཞོན་རེད། འོན་ཀྱང་ལོ་གཞོན་མིན་ལ་མ་བལྟོས་པའི་བོད་ཀྱི་སྐད་ཡིག་ནི་ཕྱུག་པོ་ཞེ་དྲག་རེད། དེང་སང་ནུབ་ཕྱོགས་པའི་བཤད་སྟངས་བྱེད་ན། སྐད་ཡིག་དང་རྩོམ་རིག་ (Language and Literature) ཞེས་སྡེ་ཚན་གཉིས་སུ་ཕྱེ་གི་ཡོད། ང་རང་ཚོས་བཤད་སྟངས་བྱེད་པ་ཡིན་ན་རྡ་སྤྲོད་ཀྱི་རྣམ་བཞག་དང་ཚིག་རྒྱན་གྱི་རྣམ་བཞག་ཞེས་དབྱེ་བ་ཕྱེ་ཡོད། དེ་གཉིས་ཀྱི་ཐོག་ནས་སྐད་ཡིག་ཕྱུག་མིན་བལྟ་དགོས། ཕྱོགས་གཅིག་ནས་ལྟས་ན་འཛམ་གླིང་གི་སྐད་ཡིག་ཚང་མའི་ནང་ནས་རྡ་སྤྲོད་དང་ཕྱོགས་མཚུངས་ཚིག་རྒྱན་གྱི་ཆ་ནས་ཕལ་ཆེར་ཕྱུག་ཤོས་ཨང་དང་པོ་དེ་ལེགས་སྦྱར་གྱི་སྐད་དེ་རེད་ཅེས་ལབ་ན་འགྲིག་གི་རེད། དེ་ང་ཚོས་ཨ་ཕའི་ཕོར་བ་གཙང་ཤོས་། ཞེས་པ་ལྟར་ལབ་པ་ཙ་བ་ནས་མ་རེད། དུས་རབས་གོང་མའི་ཚན་རིག་པ་ཚོས་སྐད་ཡིག་ཤེས་མཁན་ཉུང་དྲག་པ་མ་གཏོགས་ (computer) ནང་ལས་ཀ་བྱེད་རྒྱུ་སྐད་ཡིག་ཡག་ཤོས་དེ་ལེགས་སྦྱར་གི་སྐད་དེ་རེད་འདུག་ཅེས་ལབ་ཀྱི་ཡོད། བྱས་ཙང་དེ་སྔོན་ངོས་རང་ཝ་རཱ་ཎ་སིར་ཡོད་སྐབས་ (computer) ཤེས་མཁན་མང་པོས་ལེགས་སྦྱར་སྦྱང་རྒྱུ་ཐབས་ཤེས་བྱས་པ་རེད། འོན་ཀྱང་ལེགས་སྦྱར་སྦྱང་རྒྱུ་དེ་ནི་ལས་སླ་པོ་ཞིག་མིན་ལ་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ནང་ཐར་ཕྱིན་རྒྱུ་ཞིག་མེད་སྟབས་ཁུངས་འཁྱོལ་བ་ཞིག་ཕལ་ཆེར་བྱུང་མེད། འོན་ཀྱང་འཕྲུལ་ལས་དང་ཚན་རིག་གི་ལྟ་གྲུབ་དང་མཐུན་ཤོས་ཀྱི་སྐད་ཡིག་ཞིག་ཡོད་པ་དེ་ནི་ལེགས་སྦྱར་གྱི་སྐད་ཡིག་དེ་ཆགས་ཀྱི་ཡོད། ལེགས་སྦྱར་གྱི་སྐད་ཡིག་དེ་སྐད་ཡིག་ཕྱུག་ཤོས་ཞིག་ཡིན་ན་ལེགས་སྦྱར་གྱི་སྐད་ཡིག་དང་དོ་མཉམ་པ་འགྲོ་ཐུབ་མཁན་ནི་ད་ལྟ་འཛམ་བུ་གླིང་འདིའི་ནང་བོད་སྐད་ལས་མེད་ཅེས་བརྗོད་ཆོག་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་ནས་ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་བོད་སྐད་ཀྱི་འཐུས་སྒོ་ཚང་བའི་ཚིག་མཛོད་ཞིག་བཟོ་བར་ཆ་རྐྱེན་གང་དག་ཚང་དགོས་མིན་ཐོག་གསུང་བཤད་དང་དེར་བགྲོ་གླེང་གནང་ཡོད་པ་མ་ཟད། ཀི་རྟིའི་བྱེས་པ་གྲྭ་ཚང་གི་རིགས་ལམ་དགེ་རྒན་བློ་བཟང་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་མིང་ཚིག་གཅིག་ལ་གྲུབ་མཐའ་སོ་སོའི་ཆོས་སྲིད་དང་གནའ་དེང་གི་གོ་བ་སོ་སོར་ཐག་གཅོད་གཏན་འབེབ་བྱ་རྒྱུའི་སྐོར་དང་། ཚན་རིག་གསར་པའི་ཐ་སྙད་ཁག་དང་རྩོམ་རིག་ཐ་སྙད་གསར་པ་ཁག་བསྡུ་ལེན་སྐོར་གསུང་བཤད་དང་དེར་བགྲོ་གླེང་གནང་ཡོད། དེ་རྗེས་ལོ་ཙཱ་བ་རིན་ཆེན་བཟང་པོའི་སྐད་སྒྱུར་སློབ་གྲྭའི་དགེ་རྒན་ཤེས་རབ་དར་རྒྱས་ལགས་ཀྱིས་མ་ཚིག་ལ་འགྲེལ་བཤད་སྐབས་ཚད་གཞི་གང་འདྲ་སྤྱད་ན་འོས་མིན་སྐོར་གསུང་བཤད་དང་དེར་བགྲོ་གླེང་རྗེས་ཐུགས་ཆེ་ཞུས་ཏེ་བགྲོ་གླེང་གྲོལ་ཡོད་པ་བཅས།།