༢༠༡༠ ཟླ་ ༨ ཚེས་ ༩ རེས་གཟའ་ཟླ་བ།
༅༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་གིས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༤ ཉིན་ཨི་ཊ་ལི་གྲོང་སྡེ་ཅིས་ཌར་ན་ལྷི་ལ་ཊི་ན་ཞེས་པའི་ལྷོ་ཕྱོགས་ནང་ཡོད་པའི་དགའ་ལྡན་བྱང་རྩེ་དགོན་པའི་ཆོས་ཚོགས་གསར་འཛུགས་ཀྱིས་དབུ་འབྱེད་མཛད་སྒོར་ས་གནས་སྤྱི་ཁྱབ་འགན་འཛིན་དང་བློ་བཟང་ཉི་མ་ལགས་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད། ཆོས་ཚོགས་དེ་ནས་རེས་གཟའ་སྤེན་ཉི་ནམ་ཡིན་ལ་ནང་ཆོས་དང་སྒོམ་གྱི་སློབ་ཁྲིད་གནང་རྒྱུ་ཡིན་འདུག དེ་བཞིན་ཚེས་ ༥ ཉིན་ཨི་ཊ་ལི་རྒྱལ་ས་རོམ་ནང་ཡོད་པའི་དགའ་ལྡན་བྱང་རྩེ་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་ཨི་ཊ་ལིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུས་ཆེན་སྲུང་བརྩི་ཞུ་སྐབས་བློ་བཟང་ཉི་མ་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་དེར་འདུས་མི་མང་ ༡༢༠ བརྒལ་བ་རྣམས་ལ་ངོ་སྤྲོད་ཞུས་ཡོད། ཕྱོགས་མཚུངས་ཚེས་ ༦ ཉིན་སྐུ་ཚབ་དོན་ཁང་གི་ལས་བྱེད་བསྟན་འཛིན་བསམ་འཕེལ་ལགས་ནས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཞིབ་འཇུག་མཁས་དབང་གི་ལས་རོགས་ལྕམ་སྐུ་ (Claudia de la Fuente) ལགས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཁོང་ནས་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་སྐབས་བསྟན་དར་ལགས་སུ་རྒྱ་ནག་གི་སྐོར་སྲུང་བས་རྡུང་རྡེག་དང་མནར་གཅོད་འོག་རྨས་སྐྱོན་བཏང་སྟེ་འདས་གྲོངས་སུ་གྱུར་བའི་ཐད་ཞིབ་འཇུག་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་ལྷན་དེ་འབྲེལ་ཡིག་ཆ་ཁག་དང་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཁོང་གི་སྐོར་གཟུགས་མཐོང་བརྙན་འཕྲིན་བཟོས་པའི་འདྲ་བཤུས་ཤིག་ཀྱང་ཕུལ་འདུག གཞན་ཡང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༨ ལོའི་ནང་བོད་མི་ཞི་རྒོལ་བར་ཁྲིམས་ཆད་དང་སྲོག་ཐོག་བཏང་བ། ལོ་གཉིས་དུས་འགྱངས་སྲོག་ཐོག་གི་ཁྲིམས་བཅད་པ། བོད་མི་རྐྱེན་འདས་སོང་བ་བཅས་ཀྱི་མཚན་གཞུང་ཞིབ་ཕྲ་ཕུལ་ནས་དེར་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུའི་འབོད་སྐུལ་ཡང་ཞུས་འདུག དེ་བཞིན་ཚེས་ ༦ ཉིན་རི་ཀོན་ཆོས་སྐོར་དགོན་པར་དགོན་པའི་མཁན་བླ་དང་མི་མང་ ༢༠༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་ཞུས་ཡོད་པ་དེ་མཚུངས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༠ ཉིན་སྔར་རྒྱུན་ལྟར་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སྐུ་མགྲོན་དང་མི་མང་ ༡༢༠༠ བརྒལ་བ་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་པ་མ་ཟད། ཉེ་ལམ་བོད་ནང་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་སླད་མཆོད་འབུལ་སྨོན་ལམ་གཟབ་རྒྱས་གནང་རྗེས་བོད་རིགས་མི་མང་ཚོགས་གཙོ་དང་། རི་ཀོན་མཁན་རིན་པོ་ཆེའི་སྐུ་ཚབ། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས། སྐུ་ཚབ་དོན་གཅོད་བཅས་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་། སྐབས་དེར་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཟླ་བ་རྒྱ་མཚོ་ལགས་ནས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས་ས་གནས་བོད་ཡིག་སློབ་གྲྭ་ཁག་དང་། ཚོགས་ཆུང་། ཆོལ་གསུམ་ཚོགས་པ། བུ་མེད་ཚོགས་པ། སྐྱིད་སྡུག་ཁག་བཅས་ནས་རིག་གཞུང་འཁྲབ་སྟོན་ཞུས་ཡོད་པ་རེད། དེ་བཞིན་སུད་སི་དོན་ཁང་ནས་རྒྱ་གར་ནང་ཡོད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་རྒྱལ་ཚོགས་དང་དེའི་སྒྲིག་འཛུགས་ཐོག་ཤེས་རྟོགས་ཡོང་སླད་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཏེ་ཟབ་སྦྱོང་སློབ་ཁྲིད་གནང་མཁན་ཇི་ནི་ཝར་བཅའ་བཞུགས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཐོག་མཁས་མྱོང་ཅན་སྐུ་ཞབས་ (Adrienen_Claude ZOLLER) གདན་ཞུས་ཀྱིས་རྡ་སར་བོད་གཞུང་གི་སྲི་ཞུའི་ལས་བྱེད་རྣམས་དང་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སློབ་དགེ་དང་མཐོ་རིམ་སློབ་ཕྲུག་གཅིག་བཅས་ཁྱོན་བསྡོམས་མི་གྲངས་ ༢༠ ཕེབས་ཡོད་པ་རྣམས་ལ་ཉིན་གསུམ་རིང་ཟབ་སྦྱོང་སྤྲད་ཡོད་པ་མ་ཟད། དེའི་འགྲོ་གྲོན་ཡོངས་རྫོགས་སུད་སི་དོན་ཁང་ནས་མཐུན་འགྱུར་གནང་འདུག ཕྱོགས་མཚུངས་བློ་བཟང་ཉི་མ་ལགས་ཀྱིས་ཚེས་ ༢༨ ཉིན་ཇི་ནི་ཝར་ཡོད་པའི་ཇར་མ་ནི་གཞུང་ཚབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་འགན་འཁུར་བ་སྐུ་ཞབས་ (Michael Klespch) ལགས་དང་ཐུག་འཕྲད་གནང་སྟེ་ཁོང་ལ་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་ཕྲ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐོག་ཕྱག་ལས་གནང་མཁན་ཀརྨ་བསམ་གྲུབ་ལགས་དང་ཁོང་གི་སྤུན་ཆེད་གཉིས་འཛིན་བཟུང་བྱས་ཏེ་ཁྲིམས་ཆད་ལྗིད་པོ་བཏང་ཡོད་སྐོར། དེ་བཞིན་ནག་ཆུ་རྫོང་ཁོངས་རོང་པོ་དགོན་ནང་རྒྱ་གཞུང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་སྟབས་དགེ་འདུན་པ་ཞིག་སེམས་སྡུག་གིས་མ་བཟོད་པར་རང་སྲོག་བཅད་དགོས་བྱུང་ཡོད་སྐོར་ཀྱི་གནས་ཚུལ་རྣམས་ཞུས་འདུག གཞན་ཡང་ཉེ་ཆར་ (Human Rights Watch) ནས་བོད་ནང་གི་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་སྐབས་རྒྱ་གཞུང་ནས་དྲག་གནོན་ཚད་བརྒལ་བྱས་ཡོད་པ་སོགས་འཁོད་པའི་སྙན་ཐོ་དེ་ཁོང་གིས་ཇར་མ་ནི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་སྐུ་ཞབས་ (Klaus Vietrze) མཆོག་ལ་ཕུལ་ཡོད་པ་བཅས།།