༢༠༡༠ ཟླ་ ༨ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། ལྷོ་ཨ་རིའི་བོད་དོན་སྐུ་ཚབ་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༤ ནས་ ༢༩ བར་ལྷོ་ཨ་མི་རི་ཁའི་གླིང་ཆེན་ནང་ཡོད་པའི་རྒྱལ་ཁབ་བྷ་ར་ཛིལ་ (Brazil) གྱི་རྒྱལ་ས་རིའོ་ཌི་ཇེ་ནེ་རིའོ་(Rio de Janeiro) ནང་ (Caixa Cultural Institute) ཞེས་པའི་ཚོགས་པ་དང་། བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་བཙུགས་པའི་བོད་ཀྱི་གློག་བརྙན་མཁོ་སྒྲུབ་ལས་གཞི་ཚན་པ། (Tibetan Film Archive Project) ཟུང་འབྲེལ་གྱིས་ནིའུ་ཡོཀ་ནང་རྟེན་གཞི་བྱས་པའི་བོད་ཀྱི་དོན་ཁང་གིས་མཐུན་འགྱུར་འོག་ (Caixa Cultural Institute) ཞེས་པའི་ཚོགས་ཁང་ནང་བོད་ཀྱི་གློག་བརྙན་དཀོན་རིགས་ཁག་གཅིག་མང་ཚོགས་རྣམས་ལ་སྟོན་བཞིན་ཡོད།
དེ་ཡང་སྐབས་དེར་རྒྱལ་རབས་དང་འབྲེལ་བའི་གློག་བརྙན་སྟོན་རྒྱུའི་ཁོངས་ཕྱི་ལོ་ ༡༩༢༠ ལོར་ཇར་མན་མི་རིགས་གཅིག་གིས་བོད་ནང་བསྐྱོད་དེ་སྒྲ་མེད་པའི་གློག་བརྙན་གསུམ་བརྒྱབ་ཡོད་པ་རྣམས་སྟོན་རྒྱུ་དང། ཕྱོགས་མཚུངས་ཕྱི་ལོ་ ༡༩༥༨ ནས་ ༡༩༥༩ བར་བོད་ནང་བརྒྱབ་པའི་གློག་བརྙན་ཁག་གཅིག་སྟོན་རྒྱུའི་ཁོངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་བཤེས་ལྷ་རམ་པའི་དམ་བཅའ་འཇོག་གནང་མཛད་པའི་གློག་བརྙན་ཡང་སྟོན་རྒྱུ་ཡིན་འདུག
བོད་མི་རྣམས་བཙན་བྱོལ་དུ་བསླེབས་འཕྲལ་བཟོས་པའི་གློག་བརྙན་སྟོན་རྒྱུའི་ཚན་པའི་ནང་། བཀྲ་ཤིས་གཏོང་ཡིག་གཅིག་བྲིས་པ། ཞེས་ཕྱི་ལོ་ ༡༩༦༤ ནང་རྡོ་གླིང་ནང་བོད་མི་སྐྱབས་བཅོལ་བ་ཚོའི་གནས་སྟངས་སྐོར་དང། ཕྱི་ལོ་ ༡༩༦༥ ལོར་བཟོས་པའི་བོད་མིའི་ལོ་རྒྱུས་ཞེས་པ་དང་། དེ་བཞིན་རྒྱ་གར་བ་སྐུ་ཞབས་ར་མེ་ཤི་གུཔ་ཏས་བཟོས་པའི་ཡུལ་གྱར་གྱི་ནང་ཁྱིམས། ཞེས་པ་བོད་མི་རྣམས་ཐོག་མར་རྒྱ་གར་དུ་བཙན་བྱོལ་བསླེབས་མཚམས་སུ་བཟོས་པའི་གློག་བརྙན་སྟོན་རྒྱུ་མ་ཟད། ཕྱི་ལོ་ ༡༩༦༤ ལོར་སྐུ་ཞབས་ཇོར་ཇི་པེ་ཊར་སོན་གྱིས་བཟོས་པའི། བོད་ནང་བཙན་འཛུལ། ཞེས་པ་བལ་ཡུལ་ས་མཚམས་(Mustang) ནང་བོད་ཀྱི་འཇབ་དམག་གིས་རྒྱ་མིར་འཐབ་རྒོལ་བྱེད་ཚུལ་སྐོར་གྱི་གློག་བརྙན་སྟོན་རྒྱུ་ཡིན་འདུག ཕྱི་ཚེས་ ༢༨ ཉིན་སྐུ་ཞབས་བསྟན་འཛིན་ཕུན་ཚོགས་ལགས་དང་བྷ་ར་ཛིལ་མི་རིགས་སྒྱུ་རྩལ་རྟོག་ཞིབ་པ་སྐུ་ཞབས་ཕར་ནན་ཌོ་ཨོ་ལི་བ་གཉིས་ཀྱིས་བོད་ཀྱི་གློག་བརྙན་དཀོན་རིགས་རྣམས་སླར་གསོ་ཇི་འདྲ་བྱེད་དགོས་མིན་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག་པ་བཅས།།