༢༠༡༠ ཟླ་ ༨ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ ཉིན་གྱི་མཚན་མོར་ལ་དྭགས་ཀྱི་རྒྱལ་ས་སླེའི་ནང་གློ་བུར་སྤྲིན་ཆར་བརྡོལ་ཏེ་ཆུ་རུད་ཤུགས་ཆེ་བྱུང་བར་བརྟེན་ལྩོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་ཀྱི་ཉེ་འགྲམ་ཧིན་བོད་ས་མཚམས་ཉེན་རྟོག་ལས་ཁུངས་ (ITBP) གཡས་གཡོན་དུ་ལ་དྭགས་ས་གནས་ཡུལ་མི་གཙོ་བོར་གྱུར་བའི་ཅོག་ལམ་སར་བོད་པའི་གཞིས་ཆགས་ཀྱི་བརྒྱ་ཤོག་ ༡༠ དཔེ་ཐུབ་དང། བརྒྱ་ཤོག ༤ གཉིས་ལ་གནོད་སྐྱོན་བྱུང་འདུག ཡིན་ནའང་འབྱུང་བའི་འཇིག་པ་དེའི་འོག་བོད་མི་གསུམ་ཙམ་གྱི་ཚེ་སྲོག་ཤོར་བའི་དོགས་གཞི་ཡོད་ཚུལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་ཙམ་ལས་དངོས་སུ་ར་འཕྲོད་པ་ཞིག་བྱུང་མེད་སྐོར་ནང་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་གསལ་བཤད་གནང་འདུག ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་ལས་བྱེད་རྣམས་ཚེས་ ༥ མཚན་མོ་ནས་གནས་སྟངས་རྟོག་ཞིབ་དང་། མངའ་སྡེའི་བློན་ཆེན་དང་འབྲེལ་ཡོད་ས་གནས་ཀྱི་དཔོན་རིགས་རྣམས་གོད་ཆག་ཕོག་པའི་ས་གནས་སུ་གཟིགས་སྐོར་ལ་ཕེབས་སྐབས་དཀའ་སེལ་འབྲེལ་ཞུ་དང། ཁྱབ་ཁོངས་མང་ཚོགས་ཀྱི་གནས་སྟངས་ཁྱིམ་ཚང་རེ་རེ་བཞིན་ཞིབ་ཚགས་ཀྱི་ཞུ་དགོས་ཐོག་བརྙན་འཕྲིན་དང་དཔར་སོགས་མཐུན་རྐྱེན་གང་ཡོད་བེད་སྤྱོད་ཀྱིས་ཞིབ་ཆའི་བྱུང་རིམ་སྙན་གསན་ཞུ་དགོས་པའི་ཛ་དྲག་བཀོད་མངགས་གནང་འདུག དབུས་ནས་ཀྱང་དཀའ་སེལ་མཐུན་གྲོགས་ཞུ་རྒྱུར་མི་འགྲོ་ཆེད་གཉེར་ཞུ་འཆར་ཡོད་སྐོར་ནང་སྲིད་ལས་ཁུངས་ནས་བརྗོད་བཞིན་འདུག་པ་བཅས།།