༡༠༢༣།ནང་།༡༠་་༡༡།འཛིན་གཞིས། ༡༧༣༦
༄༅། མཚུངས་མེད་སྐུ་ཚབ་དོན་གཅོད་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དུ་འཁོད་ས་གནས་འགོ་འཛིན་རྣམ་པ། རང་བདེན་ཚོགས་ཆུང་། འབྲེལ་མཐུད་པ། བོད་མིའི་སྤྱི་འཐུན་ཚོགས་པ། གསར་འགོད་བརྒྱུད་ལམ་ཁག་བཅས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ དང་ ༦ མཚན་མོ་དང་ཐོ་རེངས་དུས་མཚམས་སུ་ལ་དྭགས་སླེ་ཁུལ་དུ་ཆུ་སྤྲིན་བརྡོལ་ཏེ་ཆུ་ རུད་ཤུགས་དྲག་བྱུང་བ་ལས་དེ་ཁུལ་གྱི་ཡུལ་མིའི་སྡོད་ཁང་དང་། ལས་ཁུངས། སློབ་གྲྭ། སེམས་ཅན་སོགས་ལ་གནོད་འཚེ་འཚབ་ཆེན་དང་། ལྷག་པར་མི་གྲངས་བརྒྱ་ཕྲག་རེ་ཟུང་གི་ཚེ་སྲོག་ཤོར་བ་སོགས་བློ་ཕམ་གྱི་གནས་ཚུལ་ བྱུང་འདུག་པ་འདིའི་ཁོངས་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་བརྒྱ་ཤོག་བཅུ་པ་དང་ བཅུ་གཉིས་ཀྱི་སྡོད་ཁང་དང་། རྒྱུ་ཟོག་ཕལ་མོ་ཆེ་ཆུ་རུད་འོག་ཚུད་དེ་ལྟ་བཟོ་འདི་ཁུངས་མེད་པར་གཞིས་མི་རྣམས་ རི་རྩེར་བྲོས་སྡོད་དགོས་པའི་གནས་སྟངས་ཡ་ང་བ་བྱུང་བ་སོགས་དང་། ཆུ་རུད་ཀྱི་གོད་ཆག་རྐྱེན་ངན་འཕྲད་པའི་ཡུལ་བོད་དབྱེ་མེད་དཀའ་སེལ་དང་། ལྷག་པར་བོད་མིའི་གཞིས་ཆགས་ཁོངས་སྡོད་ཁང་དང་། རྒྱུ་དངོས་རྩ་གཏོར་སོང་བའི་གཞིས་མི་དེ་རྣམས་ཀྱི་འཕྲལ་ཕུགས་དཀའ་སེལ་རོགས་ སྐྱོར་ཆེད་སྐུ་ཚབ་དོན་གཅོད་རྣམ་པ་དང་། ས་གནས་འགོ་འཛིན་རྣམ་པ། རང་བདེན་ཚོགས་ཆུང་། འབྲེལ་མཐུད་པ། བོད་རིགས་སྤྱི་མཐུན་ཚོགས་པ། གཞན་ཡང་ཚོགས་སྡེ་ཡོད་དོ་ཅོག་ལ་བཙན་བྱོལ་བོད་གཞུང་ནང་སྲིད་བཀའ་བློན་མཚན་ཐོག་ ནས་ཛ་དྲག་གུན་སྐྱོབ་འབོད་བསྐུལ་གསལ་བསྒྲགས་ཤིག་སྤེལ་བའི་དཔར་བཤུས་འདི་མཉམ་ ཕུལ་ཡོད་པ་ཚང་མས་དམིགས་བསལ་ཐུགས་སྣང་གིས་ཁྱབ་ཁོངས་མང་ཚོགས་ལ་གསལ་བསྒྲགས་དང་སྦྲགས་ཞལ་འདེབས་བསྡུ་རུབ་ཀྱིས་འདི་ལས་སུ་དངུལ་ཁང་ཨང་གྲངས་ཐོག་གང་མྱུར་འབུལ་ གནང་ཡོང་བ་དང་། དེ་བཞིན་གསར་འགོད་རྣམ་པ་དང་། རླུང་འཕྲིན་མཛད་གཙོ་རྣམ་པ་ནས་ཀྱང་དོན་གནས་འདི་དག་འཕྲལ་དུ་རྒྱ་གང་ཆེ་རྒྱང་ བསྲིང་འབོད་བསྐུལ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས་དགོངས་མངའ་ཞུ།
བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༡ ལ།
ཕུལ།།
ཟུང་དྲུང་ཚེ་རིང་སྟོབས་རྒྱལ།