༢༠༡༠ ཟླ་ ༨ ཚེས་ ༣༡ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་མང་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུ་རྒྱུ་ཡིན་པ་མ་ཟད། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་དབུ་གཡབ་ཏུ་གཞུང་ཞབས་ཆེ་ཕྲ་ཁག་དང། སྐུ་མགྲོན་སོགས་བཞུགས་གྲལ་དུ་འཁོད་མཚམས་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་སྐབས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྒྱུ་དང། མི་མང་ཚང་མ་སྐུ་བཞེངས་ཀྱིས་གུས་འདུད་ཞུ་རྒྱུ། དེ་ནས་བོད་གཞུང་ཟློས་གར་ཚོགས་པས་མང་གཙོའི་རོལ་གཞས་འཕུལ་རྗེས་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་པ་ནས་བཟུང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་སྡེ་ཁག་གསུམ་ནས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་རྒྱུའི་སྐོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ནས་ངོ་སྤྲོད་དང་འབྲེལ་བཀའ་དྲུང་མཆོག་གིས་གཟེངས་རྟགས་གནང་རྒྱུ་དང། དེ་རྗེས་ཤེས་རིག་དྲུང་ཆེ་གཡུ་ཐོོག་ཀརྨ་དགེ་ལེགས་ལགས་ནས་བོད་གཞུང་ཤེས་རིག་ཁྱབ་ཁོངས་སམ་བྷོ་ཊ་བོད་སློབ་ཡིག་ཚང་གིས་གསར་དུ་དཔར་སྐྲུན་གནང་བའི་དཔེ་དེབ་ཁག་གཅིག་དབུ་འབྱེད་གནང་རྒྱུ་དང། ཕྱོགས་མཚུངས་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ནས་བཀའ་ཤག་གི་གསུང་བཤད་དང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་བསྟན་འཛིན་ནོར་བུ་ལགས་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་རྒྱུ་ཡིན་འདུག དེ་རྗེས་བོད་གཞུང་ཟློས་གར་དང། རྡ་ས་ཁུལ་གྱི་སློབ་གྲྭ་ཁག ཐང་སྟོང་གླུ་གར་བཅས་ནས་རིམ་བཞིན་གཞས་སྣ་འཁྲབ་སྟོན་ཁག་གྲུབ་རྗེས་མཛད་སྒོ་གྲོལ་རྒྱུ་ཡིན་འདུག་པ་བཅས།།