༢༠༡༠ ཟླ་ ༨ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་ནས་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་སྐོང་ཚོགས་གནང་བའི་ཁ་པར་ཚོགས་འདུར་མཉམ་ཞུགས་མ་ཐུབ་པའི་ས་གནས་རྣམས་ཀྱི་ཆེད་དུ་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་སླར་ཡང་ཁ་པར་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་གནང་ཡོད་པ་རེད། ཁ་པར་ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི་བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་ནས་ས་གནས་སོ་སོའི་དེབ་སྐྱེལ་གྱི་གནས་སྟངས་ཤེས་རྟོགས་བྱེད་རྒྱུ་དང་། ས་གནས་སོ་སོར་འོས་བསྡུ་དང་འབྲེལ་བའི་སྐོར་གྱི་དོགས་དྲི་ཁག་གསན་ནས་ལན་འདེབས་གནང་རྒྱུ། ས་གནས་མང་ཚོགས་ལ་དེབ་སྐྱེལ་གྱི་གོ་སྐབས་འབེལ་ལྷུག་བསྐྲུན་རྒྱུར་འབོད་སྐུལ་གནང་རྒྱུ་དང་། འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༣ དང་། དུས་སང་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔོན་འགྲོ་དང་། དངོས་གཞི་གཉིས་ཀའི་འོས་བསྡུའི་སྐབས་འོས་འཕེན་གྱི་ཐོབ་ཐང་ལྡན་པའི་བོད་མི་ཚང་མས་ཆ་ཤས་ལེན་ཐུབ་པའི་ཐབས་ཤེས་འཚོལ་རྒྱུ་དེ་ཡིན་པ་རེད།
ཕྱི་ཟླ་ ༧ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གི་ཚོགས་འདུར་ས་གནས་ཨའེ་རྡ་ཧོ་(Adaho)དང་། ཨལ་བྷི་ཁལ་གྷི།(Albuquerque) ཝ་ཤིང་ཊོན། (Capital Area,Washington) (Vancouver) ཝན་ཁུ་བར། མོན་ཏཱ་ན་(Montana) བཅས་ས་གནས་ལྔའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དགོང་དྲོ་ཆུ་ཚོད་ ༥།༠༠ ཐོག་གི་ཚོགས་འདུར་ས་གནས་ཁེ་ཎ་ཌ་བྷལ་ལ་ཝལ་ (Belleville,Canada) (Alberta Canada) ཨལ་བྷར་ཊ་ཁེ་ཎ་ཌ། ཨི་ཐཱ་ཀ་ (Ithaca) བྱང་ཀ་རོ་ལི་ནཱ།(North Carolina) (Utah) ཡུ་ཊ། མི་ཅི་གྷན། (Michigan) ཝར་མོན (Vermont)བཅས་ས་གནས་བདུན་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཁུར་བ་མཉམ་ཞུགས་གནང་ཡོད་པ་རེད།
གོང་གསལ་ས་གནས་ཁག་ནས་དཔྱ་དངུལ་རྒྱ་གར་དུ་ཕུལ་མཁན་ཞིག་གིས་ཨ་རིར་དེབ་སྐྱེལ་བྱས་ན་འགྲིག་མིན་དང་། ཨ་རིར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཡིན་ན་གང་འདྲ་བྱེད་དགོས་མིན། ཕྱི་རྒྱལ་བ་དཔྱ་དེབ་ཡོད་མཁན་གྱིས་འོས་འཕེན་ཆོག་དང་མི་ཆོག དེ་སྔ་དེབ་སྐྱེལ་ཡོད་ཚེ་སླར་ཡང་དེབ་སྐྱེལ་བྱེད་དགོས་མིན། ཁེ་ཎ་ཌར་སྡོད་མཁན་ཞིག་གིས་དཔྱ་དངུལ་ཁེ་ན་ཌའི་དངུལ་ལོར་ནང་འབུལ་ན་འགྲིག་མིན་སོགས་ཀྱི་དོགས་དྲི་གནང་བ་ཁག་ལ་ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ལན་འདེབས་གནང་ཡོད་པ་རེད།
ས་གནས་ཁག་ནས་གནས་སྟངས་འགྲེལ་བརྗོད་གནང་བའི་གནས་ཚུལ་ལ་གཞིགས་ན། ས་གནས་མང་ཆེ་བའི་དེབ་སྐྱེལ་གྱི་ལས་དོན་ཡག་པོ་ཡོང་གི་ཡོད་པ་དང་། ས་གནས་རེ་ཟུང་ལ་དེབ་སྐྱེལ་བྱེད་མཁན་དེ་ཙམ་བྱུང་མེད་པ་རེད། ས་གནས་འོས་བསྡུ་ལས་ཁང་གི་འགན་འཛིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ནས་དེབ་སྐྱེལ་དེ་ཙམ་བྱེད་མཁན་མ་བྱུང་བའི་ས་གནས་རྣམས་ལ་སླར་ཡང་དེབ་སྐྱེལ་གང་མང་ཡོང་ཐབས་ཀྱི་འབོད་སྐུལ་གནང་ཡོད་པ་རེད། ཡང་ས་གནས་ཁ་ཤས་ཀྱིས་དེབ་སྐྱེལ་ལས་དོན་མཇུག་སྒྲིལ་ཏེ་དེབ་སྐྱེལ་ཐོ་ཞུང་ཡང་ས་གནས་འོས་བསྡུ་ལས་ཁང་ལ་བཏང་ཟིན་ཞིང་། བྱང་ཨ་རིའི་ས་གནས་འོས་བསྡུ་ལས་ཁང་གི་ངོས་ནས་སྔོན་འགྲོ་དང་། དངོས་གཞིའི་འོས་བསྡུའི་སྐབས་འོས་འཕེན་ཆ་རྐྱེན་ལྡན་པའི་བོད་མི་ཚང་མས་སོ་སོ་རང་ཉིད་ཀྱི་མཆོག་ཏུ་གྱུར་པའི་འོས་ཤོག་དེ་རང་ཉིད་ཀྱིས་འདོད་མོས་ཡོད་པའི་གང་ཟག་ཞིག་ལ་འཕེན་ཏེ་མང་གཙོའི་ཁེ་དབང་གི་ཆ་ཤས་ལེན་ཐུབ་རྒྱུར་ད་ད་དུང་མུ་མཐུད་འབད་བརྩོན་ལྷོད་མེད་ཡོང་བའི་ཐུགས་རེ་དང་། འབོད་སྐུལ་གནང་ཡོད་པ་བཅས།།