༢༠༡༠ ཟླ་ ༨ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་མ་སུ་རི་བོད་ཁྱིམ་ནས་བཏང་གནས་ནང་དོན། མ་སུ་རི་བོད་ཁྱིམ་ནས་འདི་ཕྱིའི་མགོན་སྐྱབས་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཆ་ཤས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ དང་ ༢༠ ཉིན་གཉིས་རིང་འདི་ག་བོད་ཁྱིམ་ནས་མཐུན་རྐྱེན་སྦྱར་ཏེ་བོད་སློབ་ནང་ཁུལ་ཨང་རྩིས་མཐུད་རྒྱུགས་འགྲན་བསྡུར་གོ་སྒྲིག་ཞུས་པར་འཛུལ་ཞུགས་གནང་མཁན་སློབ་ཁག་ ༡༣ བྱུང་ཡོད་པ་དང་ཚེས་ ༡༩ ཉིན་སྔ་དྲོའི་ཆུ་ཚོད་ ༩ ཐོག་མ་སུ་རི་བོད་ཁྱིམ་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་རང་གཞུང་ཤེས་ལྷན་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེཌ་ལགས་ཀྱིས་སྣང་གསལ་ཕུལ་ཏེ་མཛད་སྒོ་དབུ་འབྱེད་གནང་ཡོད། དེ་རྗེས་བོད་ཁྱིམ་དྲུང་ཆེའི་ཕྱག་རོགས་ནས་མ་སུ་རི་བོད་ཁྱིམ་གྱི་ལས་བསྡོམས་སྙིང་བསྡུས་སྙན་གསེང་ཞུས་རྗེས་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བདུན་པ། བརྒྱད་པ། དགུ་པ། བཅུ་པ་བཅས་ཀྱི་སློབ་ཕྲུག་ནས་ཨང་རྩིས་ཐོག་ཚད་མ་རིགས་པའི་ལམ་ནས་རྩོད་འགྲན་གྱིས་གཟིགས་འབུལ་ཞུས་པ་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་ང་ཚོས་བྱེད་སྒོ་གང་ཞིག་སྤེལ་ཡང་དེར་གྲུབ་འབྲས་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་བར་སོང་སློབ་ཕྲུག་ཚོའི་ཨང་རྩིས་ཐོག་ཡར་རྒྱས་ཡོང་རྒྱུའི་ལས་འགུལ་འདི་ལྟ་བུ་བོད་མིའི་སྤྱི་ཚོགས་ནང་ཐེང་དང་པོ་སྤེལ་བར་བསྔགས་བརྗོད་ཡོད་ཅེས་གསུངས། ཉིན་རྒྱབ་སློབ་གྲྭ་ཁག་གི་ཨང་རྩིས་མཐུད་རྒྱུགས་འགྲན་བསྡུར་གོ་སྒྲིག་ཞུས་ཏེ་ཨང་དང་པོ་ས་ལ་ཁུའེ་བོད་ཁྱིམ་དང་། ཨང་གཉིས་པ་ར་སྤར་བོད་ཁྱིམ། ཨང་གསུམ་པ་སྤོན་ཊ་གཏན་སློབ་བཅས་ལ་རྒྱལ་ཁ་ཐོབ་པ་དང་། ཚེས་ ༢༠ ཉིན་སྔ་དྲོ་བོད་ཁྱིམ་སློབ་གྲྭའི་རྩིས་རིག་སྡེ་ཚན་ནས་རྩིས་རིག་ཐོག་འགྲེམས་སྟོན་གོ་སྒྲིག་ཞུས་པ་དང་ཉིན་རྒྱབ་ལམ་འཕྲལ་བརྗོད་གཞིར་(Extempore) གཏམ་བཤད་འགྲན་བསྡུར་ཞུས་པར་ཨང་དང་པོ་མ་སུ་རི་བོད་ཁྱིམ། ཨང་གཉིས་པ་ས་ལ་ཁུཡེ་བོད་ཁྱིམ། ཨང་གསུམ་པ་རྡ་སྟེང་བུ་ཁྱིམ་བཅས་ལ་རྒྱལ་ཁ་ཐོབ་སྟེེ་སྐུ་མགྲོན་གཙོ་བོ་མཆོག་ནས་གཟེངས་བསྟོད་ཕྱག་འཁྱེར་དང་ཁུངས་སོ་སོར་འཛུལ་ཞུགས་ཕྱག་འཁྱེར་གནང་ཐོག་མཇུག་བསྡུའི་གཏམ་བཤད་ནང་ད་རེས་རྩིས་རིག་དང་འབྲེལ་བའི་དམིགས་བསལ་ལས་རིམ་འདྲ་མིན་རྣམས་ཚང་མ་ཞེ་དྲག་ཡག་པོ་འདུག་འདི་ལྟ་བུས་ཕན་པ་ཡོང་ངེས་འདུག་པས་སྙིང་ཐག་པ་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་དང་། དེ་བཞིན་དགེ་ལས་དང་སློབ་ཕྲུག་རྣམས་ལ་བླང་དོར་གསུང་བཤད་ཟབ་རྒྱས་གནང་ཡོད་པ་བཅས།།