༢༠༡༠ ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ཉིན་སྔ་དྲོ་ཐོ་རེངས་ཙམ་ལ་བོད་ལྗོངས་མདོ་སྨད་ཀན་ལྷོ་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་གི་གོད་ཆག་འོག་མི་གྲངས་ ༡༢༧ རྐྱེན་འདས་དང་། མི་གྲངས་ ༡༣༠༠ ལྷག་གར་སོང་ཆ་མེད་གྱུར་བ་མ་ཟད། རྒྱུ་དངོས་སོགས་ལ་གྱོང་གུན་ཚབས་ཆེན་ཕོག་པར་བརྟེན་ཚེས་ ༡༠ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་འབུལ་བཤམས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་མཆོག་དང་། བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གི་དབུས་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གི་གཙོས་སྲི་ཞུའི་ལས་བྱེད་རྣམ་པ། རྣམ་རྒྱལ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེས་དབུས་དགེ་འདུན་འདུས་མང་། རྡ་སའི་ཉེ་འཁོར་གྱི་རིས་མེད་ཆོས་སྡེ་ཁག་དང་། བཙུན་དགོན་ཁག དེ་བཞིན་མིང་མང་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཀྱིས་སྤྱིར་ཆུ་ལོག་གི་འཇིག་པ་དེ་དག་གི་འོག་རྐྱེན་འདས་སུ་གྱུར་བ་རྣམས་དང་། ཡང་སྒོས་སེམས་ཅན་ཚེ་ལས་འདས་པ་ཡོངས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མཐའ་དག་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་སྐུ་བཞིའི་རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པ་དང་། རྨས་སྐྱོན་གོད་ཆགས་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཀྱིས་ཚེ་ལྷག་དོན་ལྡན་ཡོང་བ་སོགས་འཇིག་རྟེན་ཀུན་ཏུ་སྙིགས་ལྔའི་རྒུད་ཚོགས་སྤྱི་དང་ཁྱད་པར་འབྱུང་བཞིའི་འཇིག་པ་མི་འབྱུང་བར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་སྨོན་ལམ་གསོལ་འདེབས་ཚོགས་ཡོད་པ་མ་ཟད། ཆོས་རིག་ལས་ཁུངས་ནས་འཕགས་ཚོགས་འདུས་པ་རྒྱ་མཚོར་བསྙེན་བཀུར་མང་ཇ་དང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་ཕུལ་ཡོད་པ་བཅས།།