༢༠༡༠ ཟླ་ ༨ ཚེས་ ༡༢ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༡ ཉིན་རྡ་ས་བོད་གཞུང་ཟློས་གར་ཚོགས་ཁང་དུ་བོད་གཞུང་ཟློས་གར་ལོ་ངོ་ ༥༠ འཁོར་བའི་ལོ་འཁོར་གཅིག་གི་དུས་དྲན་སྲུང་བརྩི་ཞུས་བའི་མཇུག་བསྡོམས་དང་དབུ་བརྙེས་ཏེ་ལོ་ ༥༡ འཁོར་བའི་དབྱར་སྟོན་རྟེན་འབྱུང་མཛད་སྒོ་ཞིག་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་སྐུ་མགྲོན་གཙོ་བོར་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང། བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། དྲུང་ཆེ་ཆུང་རྣམ་པ། ཟུར་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་འབྲེལ་ཡོད་སྐུ་མགྲོན་བཅས་མི་གྲངས་ ༣༠༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་བོད་གཞུང་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་གྱིས་དུས་ཆེན་ངོ་སྤྲོད་དང་ལས་བསྡོམས་སྙན་སྒྲོན་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཟློས་གར་ཚོགས་པའི་བྱུང་རིམ་ལོ་རྒྱུས་དང། སྐྱོར་མོ་ལུང་གི་ལྷ་གཞུང་དྭངས་ཤེལ་མེ་ལོང་ཞེས་པའི་བརྙན་དེབ་དབུ་འབྱེད་གནང་བ་དང། ཟློས་གར་ལོ་རྒྱུས་བརྩམས་གནང་མཁན་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང་འབྲེལ་ཡོད་མཐུན་འགྲུར་སྐྲུན་མཁན་རྣམས་ལ་ལེགས་སྐྱེས་གནང།
དེ་རྗེས་རྐང་བྲོ་གླུ་གཞས་འགྲན་བསྡུར་དེའི་གཟུར་དཔང་རྣམས་ངོ་སྤྲོད་གནང་རྗེས་རྒྱ་ལུ་དང་རྔོན་པའི་ཀྱི་རུ་ཁག་གཉིས་ནས་བོད་ཀྱི་ཐུན་མིན་རྐང་བྲོ་གླུ་གཞས་དང་སྟོན་པ་ཤཱཀྱ་ཐུབ་པ་དང་མི་ལ་རས་པའི་མཛད་རྣམ་སོགསའཁྲབ་སྟོན་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་ཞབས་ལོ་ ༢༠ འཁོར་བའི་སྐལ་བཟང་ལགས་དང་རྐང་བྲོ་གླུ་གཞས་འགྲན་བསྡུར་རྔོན་པ་དང་རྒྱ་ལུ་རུ་ཁག་གཉིས་ནས་རྒྱ་ལུའི་རུ་ཁག་རྒྱལ་བའི་བྱ་དགའ་གནང་སྒྲུབ་བསྟུན་གསུང་བཤད་གནང་དོན། དེ་རིང་འདིར་ཟློས་གར་གྱི་དབྱར་སྐྱིད་གླུ་གཞས་འགྲན་བསྡུར་ལ་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། དེ་དང་དུས་མཚུངས་འདིར་ཕེབས་པའི་རང་གཞུང་གི་མཛད་གཙོ་རྣམ་པ་དང། བླ་སྤྲུལ་རྣམ་པ། དེ་བཞིན་གཟིགས་མོ་བ་ལྷན་རྒྱས་ཚང་མར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། དེ་རིང་འདིར་ཟློས་གར་གྱི་འཁྲབ་སྟོན་པ་རྣམ་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྒྱུ་རྩལ་ཧ་ལས་པ་འཁྲབ་སྟོན་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱར་སྐྱིད་ཀྱི་དུས་སྟོན་འདི་ལྟ་བུ་ཚུགས་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་མཁན་རྒན་ལགས་རྣམ་པ་དང། ལས་བྱེད། དེ་བཞིན་འབྲེལ་ཡོད་མི་སྣ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ངོས་རང་ཆོས་སྲིད་གང་གི་ཐད་ལ་འང་ཤེས་རྒྱ་ཆུང་ཞིང་། ལྷག་པར་ཟློས་གར་གྱི་རིག་གནས་ཐོག་ཕལ་ཆེར་བཀའ་མོལ་ཞུ་ཐུབ་རྒྱུ་མེད་པ་ལྟ་བུ་ཞིག་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་རྗེས་བོད་གཞུང་གི་སྒྲིག་འཛུགས་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཆོས་དང་རིག་གཞུང་གི་སློབ་སྦྱོང་དང་དེ་དག་མི་ཉམས་རྒྱུན་འཛིན་ཡོང་རྒྱུའི་འཁོར་ཡུག་བཟང་པོ་ཞིག་སྐྲུན་གནང་མཛད་ཡོད། དེའི་ནང་ནས་བོད་གཞུང་ཟློས་གར་ཆ་ལ་བཞག་ན་བོད་པའི་རིག་གནས་སྲུང་སྐྱོབ་བྱེད་སའི་བསྟེ་གནས་གལ་ཆེན་ཞིག་ཆགས་ཡོད། ལྷག་པར་དུ་དེང་སང་འཛམ་གླིང་ཐོག་གླུ་གར་གྱི་རྒྱ་མཚོ་དང། ཕུལ་དུ་བྱུང་བའི་དམངས་ཁྲོད་ཀྱི་གླུ་གར་མང་དག་ཅིག་བོད་གངས་ཅན་ལྗོངས་ལ་མི་རབས་ནས་མི་རབས་བར་བྱུང་བ་ཞིག་རེད། དེར་བརྟེན་དེ་དག་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་ནི་བོད་གཞུང་ཟློས་གར་གྱི་ལས་འགན་གཙོ་བོ་ཆགས་ཡོད། དེ་བཞིན་ཟློས་གར་ཚོགས་པས་ཚོགས་མི་རྣམས་ནས་སྔ་ཕྱི་བར་གསུམ་དུ་རང་འཁྲིའི་ལས་འགན་ཐོག་༸རྒྱལ་བའི་དགོངས་པ་བསྒྲུབ་རྒྱུ་དང། བོད་མི་རིགས་ཀྱི་དོན་དུ་ལེགས་སྐྱེས་བར་མ་ཆད་པར་ཕུལ་དང་འབུལ་བཞིན་ཡོད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ངོས་རང་དབྱར་སྐྱིད་ཀྱི་དུས་སྟོན་འདིར་བཅར་ཐེངས་དང་པོ་ཡིན། འཁྲབ་སྟོན་པ་རྣམས་སྒྱུ་རྩལ་དང་གསར་གཏོད། གསར་རྩོམ་གྱི་ཐོག་ཡར་རྒྱས་ཕྱིན་པའི་ཚོར་སྣང་བྱུང། མུ་མཐུད་བློ་རྒྱ་ཡངས་པོ་ཕྱེ་སྟེ་གཙོ་བོ་བོད་ཀྱི་གནའ་རབས་ནས་ཡོད་པའི་གླུ་གར་སོགས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དང་ཕྱོགས་མཚུངས་དེེང་དུས་ཀྱི་དུས་དང་བསྟུན་ཏེ་ཟློས་གར་འབུར་དུ་ཐོན་པའི་སྒྱུ་རྩལ་ངོམ་ཐུབ་པ་ལྟ་བུ་བྱུང་ན་ཡག་པོ་ཞེ་དྲག་ཡོད། དེ་ལས་གཞན་པའི་ཞུ་རྒྱུ་གང་ཡང་མི་འདུག སྐུ་ལས་སྐྱོན་མཁན་གཙོ་བོ་འཁྲབ་སྟོན་པ་ཚོ་ཡིན་སྟབས་ངས་བསྐྱར་དུ་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང་རྗེས་སྒྱུ་རྩལ་སློབ་ཁྲིད་འགན་འཛིན་བློ་བཟང་བསམ་གཏན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས།