༢༠༡༠ ཟླ་ ༨ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་དོན་གྲུབ་སྒྲོལ་མ་ལགས་དང་འཇིགས་མེད་ནོར་བུ་ལགས་གཉིས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་གོ་རྟོགས་སྤེལ་སླད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་གཞིས་ཆགས་ཀྱི་གཞིས་གྲོང་གསུམ་པའི་ནང་རྟེན་གཞི་བྱས་པའི་མོན་གྷོ་གཏན་སློབ་ཀྱི་སློབ་མ་གྲངས་ ༧༣༥ ཙམ་དང་། གཞིས་གྲོང་དྲུག་པའི་ནང་རྟེན་གཞི་བྱས་པའི་ཡན་ལག་སློབ་གྲྭའི་སློབ་མ་གྲངས་ ༢༢༠ ཙམ་ལ། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དེས་མཐོ་སྒང་བོད་ཀྱི་གནམ་གཤིས་ལ་ཤུགས་གནོན་ཇི་འདྲ་ཐེབ་བཞིན་ཡོད་མེད། བོད་ཀྱི་ཆུ་ཆེན་ཁག་གི་ངོ་སྤྲོད་དང་ད་ལྟའི་གནས་བབ་ཇི་འདྲ་ཡིན་མིན། སྟོང་ལ་ཉེ་བའི་བོད་ཀྱི་རི་དྭགས་དང་གཅན་གཟན་ཁག་བཅས་བོད་ཀྱི་སྣོད་གཅུད་སྐོར་ངོ་སྤྲོད་བྱས་ཡོད་པ་མ་ཟད། བོད་ཀྱི་འཁྱགས་རོམ་དེ་དག་མྱུར་ཚད་ཆེན་པོའི་ཐོག་ཞུ་བཞིན་པའི་གློག་བརྙན་ (Meltdown in Tibet) ཞེས་པ་ཞིག་བསྟན་ཡོད། ཕྱི་ཚེས་ ༣༠ ཉིན་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་རྣམས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་བསྐྱོད་དེ་སློབ་མ་གྲངས་ ༤༣༠ ཙམ་ལ་གོང་འཁོད་བརྗོད་གཞིའི་ཐོག་གསལ་བཤད་དང་གློག་བརྙན་བསྟན་ཡོད། དུས་ཚོད་རིའུ་མིག་ལྟར་ན་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལས་བྱེད་རྣམས་ཕྱི་ཟླ་ ༩ ཚེས་ ༣ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་སློབ་གྲྭ་དང།
ཕྱི་ཚེས་ ༤ ཉིན་སྦེལ་ཀོབ་བདེ་སླར་གཞིས་ཆགས་དང་མཐར་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་སློབ་མ་རྣམས་ལ་བོད་ཀྱི་ཁོར་ཡུག་གནད་དོན་གོ་རྟོགས་སྤེལ་ཆེད་ས་གནས་སྐོར་བསྐྱོད་ཀྱི་ལས་གཞི་རེ་ཞིག་འཇུག་སྒྲིལ་གནང་རྒྱུའི་འཆར་གཞི་འདུག ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་ཀྱིས་འབྲེལ་ཡོད་ས་གནས་སོ་སོས་ཕྱི་དྲིལ་ཁོར་ཡུག་ཚན་པའི་ལོས་བྱེད་རྣམ་གཉིས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས།།