༢༠༡༠ ཟླ་ ༨ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་གཙུག་ལག་སློབ་ཁང་དུ་ཉིན་གཉིས་ཀྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་རྒྱ་གར་བྱང་ཕྱོགས་པན་ཇབ་ཀྱི་གྲོང་ཁྱེར་ཨམ་རིཊ་སར་ (Amritsar) བརྒྱུད་རྡ་སར་ཆིབས་སྒྱུར་མ་བསྐྱངས་གོང་གྲོང་ཁྱེར་དེར་མཚན་གཅིག་བཞུགས་ཞག་མཛད་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ (ANI) གསར་འགོད་པར་ཁོར་ཡུག་སྲུང་སྐྱོབ་སྐོར་བཀའ་སློབ་སྩལ་དོན། ང་ཚོས་གོ་ལའི་ཚ་དྲོད་རྒྱས་པའི་གནད་དོན་དེ་གལ་འགངས་ཆེན་པོ་ཞིག་ལ་བརྩིས་སྟེ་ཁོར་ཡུག་གི་དཀའ་ངལ་དེ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་དགོས། ཞེས་བཀའ་སྩལ། ཕྱོགས་མཚུངས་ཉེ་ལམ་ལ་དྭགས་ཀྱི་རྒྱལ་ས་སླེ་གཙོས་ས་གནས་ཁག་གཅིག་ལ་ཆུ་སྤྲིན་བརྡོལ་ཏེ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་ཕོག་མཁན་ཚོར་མགོན་པོ་གང་ཉིད་མཆོག་གིས་ཐུགས་གསོའི་བཀའ་སློབ་སྩལ་དོན། ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཆུ་རུད་ཀྱི་གནོད་སྐྱོན་བྱུང་བ་དེ་ཧ་ཅང་ཡིད་སྐྱོའི་གནས་ཚུལ་ཞིག་ཡིན། དེ་ཚོ་ཚང་མ་འབྱུང་བའི་གོད་ཆག་རེད། ང་ཚོས་བྱེད་ཐུབ་པ་ནི་འབྱུང་བའི་གོད་ཆག་དེའི་འོག་གནོད་འཚེ་ཕོག་མཁན་ཚོར་སྨོན་ལམ་རྒྱག་རྒྱུ་དང་། རྗེས་ཤུལ་ནང་མི་སྤན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད། ཁྱིམ་གཞི་བསྐྱར་གསོའི་ལས་གཞིར་རོགས་དངུལ་ཞལ་འདེབས་འབུལ་རྒྱུ་དེ་རེད། གཞན་བྱ་ཐབས་གང་ཡང་མེད་ཅེས་བཀའ་སྩལ། ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྩལ་དོན། པ་ཀི་སི་ཐན་ནང་རང་བྱུང་གི་རྐྱེན་ངན་དང་ཨུ་རུ་སུར་ནགས་ཚལ་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་དེ་དག་ལའང་དོ་སྣང་བྱེད་དགོས། སྣོད་བཅུད་དཔྱད་ཞིབ་པ་ཚོས་རྐྱེན་ངན་དེ་རིགས་ཚང་མ་གོ་ལའི་ཚ་དྲོད་རྒྱས་པའི་རྟགས་ཡིན་ཞེས་བརྗོད་འདུག དེ་དག་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་གཅིག་རེད། དེར་བརྟེན་ཁོར་ཡུག་བདག་སྲུང་བྱེད་རྒྱུ་ནི་ང་ཚོས་ཉིན་རེའི་ལས་དོན་གྱི་ཆ་ཤས་ཤིག་ཆགས་ཐུབ་པ་བྱེད་དགོས། རྒྱ་གར་གྱི་སྲོལ་རྒྱུན་ནང་ཡོངས་སུ་གྲགས་པའི་འཚེ་བ་མེད་པ་ཞེས་པའི་ལྟ་གྲུབ་དེ་དེང་དུས་འཛམ་གླིང་འདིའི་སྟེང་ཧ་ཅང་འབྲེལ་བ་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱིས་བཀའ་སྩལ།།