༢༠༡༠ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་ས་བཞུགས་སྒར་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་སྒྱུར་སྐྱོང་སྐབས་བོད་མི་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ཚེས་ ༣༠ དགོང་མོ་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་ནང་བཞུགས་བཞག་མཛད་རྒྱུ་དང།
ཕྱི་ཚེས་ ༣༡ ཉིན་སྦེང་ལོར་ནས་སེ་ར་ཐེག་ཆེན་གླིང་དུ་ཆིབས་སྒྱུར་སྐྱོང་སྐབས་བཙན་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞན་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་མཉམ་ཞུགས་གནང་མཁན་སྐུ་ཚབ་རྣམ་པས་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུ་རྒྱུ་ཡིན་འདུག
ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་ཐོག་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྒྱུ་དང། ཕྱི་ཚེས་ ༡ ཉིན་མགོན་པོ་གང་ཉིད་མཆོག་ལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཚོགས་ཁང་ནང་དུ་གཞིས་བྱེས་བོད་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང།
དེ་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པ་རྣམས་ཀྱིས་ནང་དོན་རིག་པའི་གཞུང་ལུགས་ལ་རྟགས་གསལ་གྱི་དམ་བཅའ་འཇོག་སར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་བོད་མིའི་མང་གཙོའི་དུས་དྲན་གྱི་མཛད་སྒོར་ལྷན་བཞུགས་མཛད་དེ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྒྱུ་དང་། ཕྱོགས་མཚུངས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་མགོན་པོ་གང་ཉིད་མཆོག་ལ་གསེར་གྱི་རྟགས་མ་འབུལ་བཞེས་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེ་ར་ཐེག་ཆེན་གླིང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་སྔ་འགྱུར་རྙིང་མའི་དགོན་པ་རྣམ་གྲོལ་གླིང་དུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་མ་ཟད། དེ་རྗེས་ས་གནས་བོད་ཕྲུག་ཁྱིམ་སྡེ་དང་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་མ་རྣམས་ལ་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་གནང་མཛད་རྗེས་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་པར་ཆིབས་སྒྱུར་བསྐྱང་གནང་མཛད་དེ་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་རྒྱུ་ཡིན་འདུག
ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་ཆོས་ལུགས་རང་དབང་མཐུན་ཚོགས་ (IARF) ཀྱི་ཚོགས་འདུ་སྐབས་ ༣༣ ཐོག་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཀོབ་གཞིས་ཆགས་ནས་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་གྲོང་ཁྱེར་ཀོ་ཆིའི་ (Kochi) ནང་༸ཞབས་སོར་འཁོད་དེ་ཇོན་པོལ་གཉིས་པའི་ཚོགས་ཁང་ནང་ (Beyond Conflict to Reconciliation-Challenges of 21st Century) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག སྐབས་དེར་ཡེ་ཤུ་དང་། ཧིན་ཌུ། ཉི་ཧོང་ཤིང་ཊོའི་རྗེས་འཇུག་པ། བྷ་ཧའི། སིག ཛོ་ར་སི་ཊེན ཁ་ཆེ། ས་གནས་གྲོས་ཚོགས་འཐུས་མི། ཀོ་ཆིའི་གྲོང་ཁྱེར་སྤྱི་ཁྱབ་པ་བཅས་ཀྱི་གནད་ཡོད་མི་སྣ་ཁག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན་འདུག ཕྱི་ཚེས་ ༥ ཉིན་མགོན་པོ་གང་ཉིད་མཆོག་ཀོ་ཆི་གྲོང་ཁྱེར་ནས་ལྡི་ལིར་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།