༢༠༡༠ ཟླ་ ༨ ཚེས་ ༦ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༧ ཉིན་ལ་དྭགས་ནུབ་ར་བདེ་སྐྱིད་དགོན་པའི་ཡིད་དགའ་ཆོས་འཛིན་ཕོ་བྲང་དུ་མང་ཚོགས་ ༣༠༠ ལྷག་ཙམ་འདུ་འཛོམས་བྱུང་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོས་འདིར་བགྲོ་གླེང་གི་ཚོགས་འདུ་གྲ་སྒྲིག་ཡག་པོ་བྱས་འདུག གྲ་སྒྲིག་གནང་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་རབ་བྱུང་ཕོ་མོ་གཅིག་པུ་མིན་པར་མི་ མང་ལའང་འགན་ཆེན་པོ་ཞིག་དང་མི་མང་རྣམས་ནས་ཀྱང་དོ་སྣང་ཆེན་པོ་བྱེད་དགོས། ཁྱེད་རང་ཚོས་ཆབ་སྲིད་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་ཡོད་བྱེད་ཀྱི་ཡོད། དངོས་གནས་འཛམ་གླིང་གི་སྤྱི་ནོར་ཞེས་ཧ་ལམ་བརྗོད་ཆོག་པ་ཞིག་དང་སྒོས་སུ་ལ་དྭགས་ཀྱི་རྣམ་པ་མཚོན་ཆེད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དེ་ཚོའི་ངོ་བོ་མཚོན་རྒྱུ་དེ་ནི་སངས་རྒྱས་ཀྱི་ཆོས་བོད་ཀྱི་ནང་ཆོས་དེ་ཆགས་ཀྱི་ཡོད། ལ་དྭགས་པའི་ནང་ལ་ཆོས་ཁེས་མི་ལེན་མཁན་ཡང་ཡོད། དེ་བཞིན་ཁ་ཆེ་དང་ཡེ་ཤུ་སོགས་ཀྱང་ཡོད། དཔེར་ན། བོད་པ་དང་སོག་པོར་ཆ་བཞག་ནའང་ཡུལ་མིའི་ནང་ལ་ཆོས་ལུགས་འདྲ་མིན་དང་ཆོས་དད་ཡོད་མཁན་སྣ་ཚོགས་ཡོང་གི་ཡོད་ཀྱང་ཡུལ་སྤྱིའི་མཚོན་ཆེད་དེ་ཕ་མེས་ནས་ཡོད་པའི་སངས་རྒྱས་པའི་ཆོས་ཆགས་ཀྱི་ཡོད། དེར་རྟེན་ལ་དྭགས་ལ་ཆ་བཞག་ནའང་ལ་དྭགས་སྤྱིའི་མཚོན་ཆེད་ལྟ་བུ་དེ་སངས་རྒྱས་པའི་ཆོས་ཆགས་ཡོད་པས་དེའི་ཐད་དོ་སྣང་ཆེན་པོ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་སྔོན་མ་འདིར་ཡོང་དུས་ཁྱེད་ཚོས་རྟགས་གསལ་བཏང་བ་སོགས་བྱས་པ་རེད། བར་སྐབས་ཁྱེད་རང་ཚོ་སྤྱིར་ཧི་མ་ལ་ཡའི་རི་རྒྱུད་ཤར་མོན་ནས་ནུབ་ལ་དྭགས་བར་ཆོས་སློབ་སྦྱོང་བྱེད་རྒྱུར་དོ་སྣང་ཞེ་དྲག་ཤུགས་ཆེ་རུ་ཕྱིན་པའི་རྟགས་གསལ་པོ་འདུག ཁྱེད་རང་ཚོ་དགེ་འདུན་པ་ཚོས་ཀྱང་རྟགས་གསལ་འབྱོང་པོ་ཞེ་དྲག་ཡག་པོ་འདུག ཁ་སང་འདིར་དམ་བཅའ་ཚོགས་སྐབས་རྟགས་གསལ་ཡག་པོ་ཞེ་དྲག་གཏོང་གི་འདུག གྲྭ་སའི་གྲྭ་པ་ལྟར་ཆགས་འདུག་པས་ཞེ་དྲག་ཡག་པོ་རེད། ཡར་རྒྱས་མིག་གིས་མཐོང་རྒྱུ་ཡོད་པ་བྱུང་འདུག ཐུགས་རྗེ་ཆེ་ཟེར་གྱི་ཡིན། ད་དུང་ཡང་རྩོད་པ་འཕེར་པོ་དང་རིག་པའི་རྣམ་དཔྱོད་སོགས་རྒྱ་སྐྱེད་རྒྱུར་ཆོས་ར་ཆེན་པོ་དེ་ཚོའི་གྲས་དེ་ཕན་ཐོགས་ཆེན་པོ་ཞེ་དྲག་ཡོད། དེ་འདྲ་ཡིན་དུས་ད་ལྟ་བར་མོན་ནས་ལ་དྭགས་ས་ཁུལ་བར་སློབ་གཉེར་བ་གྲྭ་ས་ལ་མར་མང་པོ་ཕྱིན་ཡོད། དཔེར་ན། ང་ཚོ་བཙན་བྱོལ་བའི་གྲྭ་ཚང་ཁ་ཤས་ནང་༡༩༥༩ སྐབས་གྲྭ་རྒྱུན་ཉུང་ཉུང་ལས་མེད་སྟབས་ཉག་ཕྲ་པོ་ཆགས་དུས། ངོས་ཀྱིས་ད་ལྟ་བརྗོད་རྒྱུ་སྒོ་མང་གྲྭ་ཚང་ལྟ་བུར་ཆ་བཞག་ན་ཡིག་ཆ་སྤུས་དག་པོ་ཞེ་དྲག་ཡོད། ལོ་རྒྱུས་ལྡན་པའི་གྲྭ་ཚང་ཞིག་རེད། ཡིན་ནའང་༡༩༥༩ ལོར་ང་ཚོ་བོད་ནས་བྲོས་བྱོལ་ཡོང་དུས་ཕྱོགས་གཅིག་ནས་གྲྭ་ཚོགས་ཉུང་ཉུང་རེད། སློབ་གཉེར་གང་ཙམ་ཉག་ཕྲ་པོ་ཡོད། དེ་དུས་ཁྱེད་རང་ཚོ་ལ་དྭགས་ཀྱི་གྲྭ་རྒྱུན་རྣམས་ཀྱིས་ཧ་ལས་པའི་ཕན་ཐོགས་བྱས་སོང། ཞེ་དྲག་ཡག་པོ་ཡིན། དེ་གཉིས་ཕན་རེད། བོད་མི་བཙན་བྱོལ་བའི་སློབ་གཉེར་ཁང་དེ་ཚོ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུ་དང། ཁྱེད་རང་ཚོ་ཡུལ་ཕྱོགས་སོ་སོ་ནས་ཡོང་པའི་མི་རང་ཉིད་ལ་ཆ་བཞག་ནའང་སློབ་གཉེར་ཐོན་ནས་ཡོང་སྐབས་སོ་སོའི་ཡུལ་གྱི་དགོན་པ་སོ་སོར་ཞབས་འདེགས་བསྒྲུབ་རྒྱུ་དང་། ཡུལ་པ་སྤྱི་ལ་ཡིན་ནའང་ཆོས་ཕྱོགས་ཀྱི་ཐོག་ནས་ཞབས་འདེགས་བསྒྲུབ་རྒྱུ། ཁྱེད་རང་ཚོ་ད་ལྟ་གྲྭ་སར་ཕྱིན་པ་དེ་ཚོ་གོས་གྱོན་སྟངས་དང་གདོང་གི་རྣམ་འགྱུར་སྟོན་སྟངས་གང་ཙམ་གྲུང་དུ་ཕྱིན་འདུག འདི་ག་གྲོང་གསེབ་ནང་ལ་འཁུམ་ནས་བསྡད་ན་འཐོམ་འཐོམ་ལ་སྡོད་རྒྱུ་རེད། ད་ལྟ་བར་དུ་གྲྭ་རྒྱུན་ཕྱིན་པ་དེ་ཚོ་ཞེ་དྲག་ཕན་ཐོགས་བྱུང་སོང། སླད་ཀྱང་དེ་དེ་བཞིན་བྱས་ཏེ་ཁྱེད་རང་ཚོ་གྲྭ་རྒྱུན་མུ་མཐུད་ནས་འགྲོ་ཐུབ་པ་ཞིག་དང་གྲྭ་རྒྱུན་འགྲོ་མཁན་ཚོ་སོ་སོའི་སློབ་གཉེར་ལ་བར་ཆད་མ་ཡོང་བ་དང་དགོན་པ་སོ་སོའི་ལས་ཀ་འཁོར་རེས་བཟོ་འདྲ་པོ་སློབ་གཉེར་ལ་ཕན་པོ་ཡོད་བཞིན་པའི་ཐོག་ལ་དགོན་པའི་ལས་ཀ་ལ་ཡར་ཡོང་དགོས་པའི་ལྟ་བུ། གལ་ཆེ་དམིགས་བསལ་ཅན་ཡིན་ན་གནས་ཚུལ་ཁག་ཁག་རེད། དེ་འདྲ་མིན་ན་ཏོག་ཙམ་དམིགས་བསལ་ཕུལ་ཏེ་ཁོང་ཚོ་གདན་སར་ཟླ་བ་གཅིག་སྡད་པ་ཡིན་ནའང་ཟླ་སྐྱེད་ཞག་སྐྱེད་ཐོན་ཡོང་གི་ཡོད། གལ་སྲིད་ཟླ་བ་ཁ་ཤས་སློབ་སྦྱོང་བྱེད་རྒྱུ་མ་བྱུང་བར་ཕྱིན་པ་ཡིན་ན་དེ་རྩིས་ཀྱི་སློབ་སྦྱོང་ལ་འཐུས་ཤོར་འགྲོ་གི་ཡོད་དུས་དེར་ཁྱེད་རང་ཚོས་དགོངས་པ་བཞེས་དགོས་པ་ཞིག་རེད་འདུག གང་ལྟར་ངོས་ཀྱིས་ཁྱེད་རང་ཚོར་སློབ་གཉེར་བྱེད་རྒྱུ་དེར་ཤུགས་སྐྱོན་རོགས་གནང་ཞུ་རྒྱུ་ཡིན། ངོས་ཀྱི་ནམ་རྒྱུན་རྟག་པར་འབོད་བསྐུལ་བྱེད་ཀྱི་ཡོད། བོད་གངས་ཅན་ལྗོངས་ལ་འདས་པའི་ལོ་ ༦༠ ཙམ་གྱི་རིང་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། ད་ལྟའང་དཀའ་ངལ་མུ་མཐུད་ནས་འཕྲད་བཞིན་པ་རེད། གཞི་རྐང་འཛམ་གླིང་སྤྱིའི་འགྱུར་བ། ཡང་སྒོས་རྒྱ་ནག་ནང་གི་འགྱུར་བ་དེ་འདྲའི་ཐོག་ནས་རིམ་པས་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་ཏན་ཏན་ཡོད་རེད། ཡིན་ནའང་གང་ལྟར་བསྟན་པ་ལ་ཆེད་དུ་གཉེར་ནས་སྟངས་འཛིན་བྱེད་རྒྱུ་ཞིག་ཆགས་ཡོང་དུས་དཀའ་ངལ་ཞེ་དྲག་ཡོད། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་དེ་ཡང་ཐོས་བྱུང་ཙམ་མ་ཡིན་པར་བསམ་བྱུང་གི་བདར་ཤ་དཔྱད་ནས་ངེས་པ་རྙེད་ཐུབ་པ་ཟེར་བ་འདི་བོད་གངས་ཅན་གྱི་སྲོལ་རྒྱུན་ཡག་པོ་ཞིག་ཡོད་པ་དེ་ཧི་མ་ལ་ཡའི་རི་རྒྱུད་ལ་ད་ལྟ་རང་དབང་ཡོད་པ་རེད། ཁྱེད་རང་ཚོ་ཚང་མར་སློབ་སྦྱོང་བྱེད་རྒྱུའི་རང་དབང་དང་གོ་སྐབས་ཡོད། བོད་གངས་ཅན་གྱི་གནས་སྟངས་ལ་ད་ལྟ་དཀའ་ངལ་ཡོད་པའི་སྐབས་འདིར་ཁྱེད་ཚོ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་གཅིག་རྒྱུར་ཡོད་མཁན་ཁྱེད་ཚོས་ཤུགས་བརྒྱབ་ནས་རིག་པ་འགྲིམས་རྒྱུ་དེ་དམིགས་བསལ་གྱི་འགན་ཞིག་ཆགས་ཡོད་། དེ་རིང་འདིར་ཁྱེད་རང་ཚོས་བགྲོ་གླེང་གི་གཞི་གླེང་རྒྱུ་དང་ཡི་གེ་ རྣམས་ཞེ་དྲག་ཡག་པོ་བྱུང་འདུག དེ་དང་དྲི་བ་དང་ལན་འདེབས་བྱེད་རྒྱུ་རྣམས་ཞེ་དྲག་ཡག་པོ་བྱུང་སོང། ཞེ་དྲག་དགའ་པོ་བྱུང་། མི་མང་སྐྱ་བོ་ཕོ་མོ་ཚོ་དབྱེ་བ་མེད་པའི་ཐོག་བགྲོ་གླེང་མང་ཙམ་བྱེད་ཐུབ་ན་དགེ་མཚན་ཞེ་དྲག་ཡོད། དེ་ཙམ་དུ་མ་ཟད་རིམ་པས་རིགས་ལམ་གྱི་ཐོག་ནས་རྟགས་གསལ་བྱེད་རྒྱུ་དེ་ཡང་གྲྭ་པ་རྐྱང་པའི་སྐད་ཆ་མིན་པར་ཕྱོགས་གཅིག་ནས་བཙུན་མའི་དགོན་པ་ཚོ་དང་། དེ་བཞིན་ང་རང་ཚོའི་ཆོས་བརྒྱུད་ས་སྐྱ། འབྲི་གུང། འབྲུག་པ། རྙིང་མ། དགེ་ལུགས་སོགས་ཆོས་བརྒྱུད་དེ་ཚོ་ཚང་མ་གང་ལྟར་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་རིན་པོ་ཆེ་ཟུང་འབྲེལ་གྱི་ཐོག་ནས་བཙུགས་པ་ཞིག་རེད། སྔོན་གྱི་ལོ་རྒྱུས་ནང་བལྟས་པ་ཡིན་ནའང་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ། དེ་བཞིན་ཇོ་ནང་དེ་ཙམ་དུ་མ་ཟད་པའི་བོན་གཞུང་ནང་ལ་ཡིན་ནའང་མཚན་ཉིད་ཀྱི་བདར་ཤ་དཔྱད་རྒྱུ་དེ་སྔ་མོ་ནས་ཡོད། རྩ་བ་ཚད་མའི་གཞུང་དེ་ཚོ་དགེ་ལུགས་པ༌དང་ས་སྐྱ་པ་སོགས་ཀྱིས་བཟོས་པ་མ་རེད། ན་ལེཎ་ཌའི་མཁས་པ་ཚོས་བཟོས་པ་རེད། ཕྱོགས་གླང་ཆོས་གྲགས་ཀྱིས་ཚད་མའི་གཞུང་བརྩམས་ཏེ་དེ་ནས་མར་བྱུང་བ་རེད། ཕྱིས་སུ་བོད་ལ་ས་སྐྱ་དང་དགེ་ལྡན་གཉིས་ཀྱི་ནང་རིགས་ལམ་གྱི་འགྲོ་སྟངས་ཐོག་ནས་རྩོད་པ་རྩོད་རྒྱུ་དེ་ཤུག༌ཆེ་བ་ལྟ་བུ་ཡོད། བཀའ་རྙིང་གཉིས་ལ་ཏོག་ཙམ་ཤུགས་ཆུང་བ་ལྟ་བུ་ཞིག་རེད། ཕྱག་སྲོལ་དེ་འདྲ་ཞིག་གི་སྟེང་ཕྱིན་པ་རེད་མ་གཏོགས་རྩ་བའི་འབྱུང་ཁུངས་རྩིས་ན་ང་ཚོ་ཚང་མ་དཔལ་ན་ལེཎ་ཌེའི་བརྒྱུད་པ་དང་དཔལ་ན་ལེཎ་ཌའི་ཆོས་བརྒྱུད་ཆགས་ཡོད། དཔེར་ན། ས་སྐྱ་ཆ་བཞག་ན་བཱིར་ལྦ་པ་ཡོད་རེད། དཔལ་ན་ལེཎ་ཌའི་མཁས་པ་གནས་ལྡན་ཆོས་སྐྱོང་ཟེར་བ་དེ་རེད། ན་ལེནྜའི་དགེ་བཤེས་རེད། བཀའ་བརྒྱུད་ལ་ཆ་བཞག་ན་ན་རོ་པ་དང་མེེ་ཊི་པ་ལ་ཐུག་གི་ཡོད། ན་རོ་པ་ལ་ཆ་བཞག་ན་ན་ལེཎྜའི་དགེ་བཤེས་ཆེན་པོ་རེད། རྙིང་མར་ཆ་བཞག་ན་སྔགས་ཕྱོགས་དེ་ཚོ་སློབ་དཔོན་རིན་པོ་ཆེ་དང་མདོ་ཕྱོགས་དེ་ཚོ་མཁན་ཆེན་ཞི་བ་འཚོ་དབུ་མ་རྒྱན་གྱི་སྒང་ལ་སླེབས་ཀྱི་ཡོད། ང་རང་ཚོའི་ཆོས་བརྒྱུད་ཆེན་པོ་ཚང་མ་རྒྱ་གར་མཁས་དབང་ལ་གཏུགས་པ་ཤ་སྟག་རེད། དེ་འདྲ་ཡིན་དུས་དཔལ་ན་ལེཎྜའི་ཆོས་བརྒྱུད་དྲི་མ་མེད་པ་སྦྱོང་བདར་ཡག་པོ་བྱེད་དགོས་ན་རིགས་ལམ་ལ་མ་བརྟེན་པར་ཐབས་མེད་པ་ཞིག་རེད། དེང་སང་བོད་ནང་ལའང་རྙིང་མ། བཀའ་བརྒྱུད། ས་སྐྱའི་དགོན་པ་ཚོས་རིགས་ལམ་ལ་གཞི་ནས་དོ་སྣང་བྱེད་རྒྱུ་དེ་འདྲ་ཡོང་གི་ཡོད། ཁྱེད་ཚོ་ཟངས་དཀར་དང་ལ་དྭགས་ཁུལ་གྱི་དགོན་པ་ཚོས་ཀྱང་གྲྭ་རྒྱུན་རྙིང་མ་བཀའ་བརྒྱུད་དབྱེ་བ་མེད་པར་སློབ་གཉེར་རྒྱག་རྒྱུར་དོ་སྣང་གསར་པ་བྱེད་ཀྱི་འདུག་པས་ཡག་པོ་ཞེ་དྲག་རེད། རིགས་ལམ་གྱི་བགྲོད་སློབ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། རྒྱ་གར་ནང་ཡོད་པའི་བོད་མི་བཙན་བྱོལ་བའི་སློབ་གྲྭ་ཚོའི་ནང་ལའང་སྔ་མོ་ ༡༩༦༠ ནང་རིགས་ལམ་སློབ་རྒྱུ་དེ་འགོ་བཙུགས་ཡོད་ཀྱང། བར་སྐབས་ཏོག་ཙམ་ཉམས་ཆག་ཕྱིན་པ་རེད། འོན་ཀྱང་ད་ཆ་བསྐྱར་གསོ་བྱེད་ཀྱི་ཡོད། དེ་བཞིན་ངོས་རང་ལ་དྭགས་སླེ་ནང་ན་ནིང་གཞེ་ནིང་སླེབ་སྐབས་འབོད་བསྐུལ་ཞུ་རྒྱུ་བྱུང། སློབ་གྲྭའི་ནང་ལ་སློབ་ཚན་སློབ་སྐབས་རིགས་ལམ་གྱི་འགྲོ་སྟངས་འདི་བསླབ་ཐུབ་ན་ཡག་པོ་འདུག ཅེས་ངོས་ཀྱི་བརྗོད་རྒྱུ་བྱུང། བར་སྐབས་བོད་མི་བཙན་བྱོལ་བའི་ནང་ལའང་མི་སྐྱ་ཕོ་མོ་རྒན་འཁོགས་དེ་འདྲས་ཀྱང་དེང་སང་རྟགས་གསལ་བཏང་སྟེ་ད་ཆ་རྡ་རམ་ས་ལར་ཁོང་ཚོ་རྟགས་གསལ་གཏོང་མཁན་མི་ཕལ་ཆེར་ཞི་བཅུ་ལྔ་བཅུ་ཙམ་མེད་གྲོ། ཁོང་ཚོས་རྩོད་རྒྱུགས་བཏང་བ་དེ་ངོས་ཀྱིས་མཐོང་བྱུང། ཁྱེད་རང་ཚོ་མ་ཤེས་པ་ཁ་ཤས་ཀྱིས་མི་སྐྱ་སྤོ་རྨོ་ཚོས་རྟགས་གསལ་གཏོང་གི་འདུག་རྣམ་རྟོག་ཟ་ཞེས་བརྗོད་རྒྱུ་མེད། ཁ་ཤས་ཀྱིས་དེ་འདྲ་དྲན་སྲིད་པ་རེད། དེ་ང་ཚོ་ཡར་རྒྱས་ཀྱི་རང་བཞིན་རེད། སྔར་མེད་གསར་བསྐྱེད་ལ་རྣམ་རྟོག་བྱེད་དགོས་བྱུང་ན་མི་གཅིག་གི་རྒྱུད་ལ་བྱང་ཆུབ་སེམས་བསྐྱེད་ན་རྣམ་རྟོག་ཟ་ཞེས་ཧ་ལམ་བརྗོད་དགོས་པ་ལྟ་བུ་ཆགས་ཀྱི་རེད། མི་སྐྱ་གཅིག་གི་རྒྱུད་ལ་སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་བསྐྱེད་པ་དང་ས་དང་པོའི་ ཡིད་ཤེས་སོགས་རྒྱུད་ལ་བསྐྱེད་ན་སྐབས་དེར་རྣམ་རྟོག་ཟ་ཞེས་བརྗོད་དགོས་བྱེད་ཀྱི་རེད་དམ། དེ་འདྲ་མ་རེད། ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་པ་ཤོག་ཅེས་བརྗོད་ཀྱི་ཡོད་པ་མ་གཏོགས་གྲྭ་པ་ཀྱང་ཀྱང་སངས་རྒྱས་པ་ཤོག་ཅེེས་བརྗོད་ཀྱི་མེད། བཙུན་མ་རྐྱང་པ་སངས་རྒྱས་པ་ཤོག་ཅེས་བརྗོད་ཀྱི་མེད། སྤྱིར་སེམས་ཅན་ཐམས་ཅད་དང་ཡང་སྒོས་ང་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་ཚང་མར་སངས་རྒྱས་པའི་ཆོས་ཤེས་པ་ཤོག་ཅེས་སྨོན་ལམ་རྒྱག་དགོས་པ་རེད་མ་གཏོགས་མི་མང་སྤྱི་བྱིངས་དེ་ཚོས་སངས་རྒྱས་ཀྱི་ཆོས་མ་ཤེས་པ་ཤོག ལྐུག་པ་ལྐུག་རྐྱང་བྱས་ཏེ་བསྡད་པ་ཤོག རྨོངས་དད་བྱས་ཏེ་བསྡད་པ་ཤོག་ཅེས་སུས་སྨོན་ལམ་བརྒྱབ་ཀྱི་རེད། སྨོན་ལམ་དེ་འདྲ་རྒྱག་གི་མ་རེད། དེར་བྲཏེན་མི་སྐྱ་ཕོ་མོ་ཚོས་ཀྱང་ཡིན་གཅིག་མིན་གཅིག་རིགས་ལམ་སྦྱོང་དགོས་པ་རེད། དེ་ནས་ངོས་ཀྱི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོས་ཞེས་འབོད་སྐུལ་བྱས་པ་དེ་དང་ནང་པ་བྱས་ན་ནང་ཆོས་ཡག་པོ་བསླབ་དགོས་ཟེར་བ་དེ་ཁྱེད་རང་ཚོས་སེམས་ གཏིང་ལ་ངེས་ཏེ་ཁྱོད་རང་ཚོས་བགྲོ་གླེང་བྱས་པ་དེ་ཡག་པོ་ཞེ་དྲག་བྱུང་སོང། ངོས་ཀྱི་ཁྱེད་རང་ཚོར་གཏམ་གསར་པ་ཞིག་ཤོད་རྒྱུ་ཡོད། དེ་གང་རེད་ཟེར་ན་གླིང་གཞི་ཆ་བཞག་ན་ལོ་ཕལ་ཆེར་ ༤༠ ཙམ་གྱི་གོང་ནས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་རྒྱུའི་འདོད་པ་བྱུང་ལ། འགོ་ཞིག་ཚུགས་པ་རེད། དེ་རྗེས་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་སྐབས་གྲ་སྒྲིག་བྱེད་མཁན་ཚོས་“ནང་ཆོས་དང་ཚན་རིག་བགྲོ་གླེང་“ཞེས་པའི་ཐ་སྙད་ཞིག་སྦྱར་ཡོང་གི་འདུག དེ་ནི་ནོར་བ་ཞིག་རེད། ང་ཚོས་ཚན་རིག་པའི་མཉམ་དུ་གོ་བསྡུར་བྱེད་རྒྱུའི་བརྗོད་གཞི་དེ་ནང་ཆོས་ནང་ཡོད་པའི་ཚན་རིག་དེ་རེད། དཔེར་ན། སེམས་ཀྱི་རྣམ་གཞག་ཅེས་པ་ཕྱིའི་རྡུལ་ཕྲ་རགས་ཀྱི་རྣམ་གཞག ནང་སེམས་ཀྱི་རྣམ་གཞག སེམས་ཁམས་རིག་པ། དངོས་ཁམས་རིག་པ་ཞེས་ཡོང་གི་ཡོད། ནང་པའི་ཚན་རིག་ནང་ལ་ནང་པའི་གཞི་དངོས་པོའི་གནས་ཚུལ་ཞེས་གསུངས་པ་འདི་ཚན་རིག་རེད། དངོས་ཡོད་གནས་ཚུལ་ཤོད་ཀྱི་ཡོད། དེ་ལ་ནང་པའི་ཚན་རིག་གི་མིང་བཏགས་ན་འགྲིག་གི་འདུག དེར་བརྟེན་ནང་པའི་ཚན་རིག ནང་པའི་ལྟ་གྲུབ། ནང་ཆོས་ཞེས་སྡེ་ཚན་གསུམ་དུ་ཕྱེ་དགོས། ཚན་རིག་པ་མཉམ་དུ་ང་ཚོ་གོ་བསྡུར་བྱེད་རྒྱུ་དེ་ནང་པའི་ཚན་རིག་དང་དེང་སང་གི་ ཚན་རིག་གཉིས་གོ་སྡུར་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ནང་པའི་ཆོས་ང་ཚོས་གོ་བསྡུར་བྱེད་ཀྱི་མེད། ངོས་ཀྱི་བསམ་འཆར་བཤད་པ་ཡིན། དོན་སྙིང་དེ་རེད། གཞན་ང་ཚོ་ནང་ཆོས་དང་ཚན་རིག་གོ་བསྡུར་བྱེད་ཀྱི་ཡོད་ཅེས་བརྗོད་ན་སྐྱེ་བ་སྔ་ ཕྱི་དང་ཐར་པ་ཡོད་མེད་སོགས་ཀྱི་སྐད་ཆ་སླེབས་ཡོང་གི་ཡོད། དེ་འདྲ་མ་རེད། གནས་ཚུལ་ལ་དོ་སྣང་བྱེད་དགོས་བྱུང་ན་བྱེད་རྒྱུ་ལས་གཞན་དེ་འདྲ་མ་རེད། དེ་དུམ་བུ་གསུམ་དུ་ཕྱེ་དགོས་པ་དེ་ནང་ཆོས་ཞེས་བརྗོད་དུས་ཆོས་ལུགས་སྡེ་ཚན་ཆགས་ཀྱི་ཡོད། དེ་ནང་པ་ལ་མ་གཏོགས་ཡེ་ཤུ་དང། ཁ་ཆེ། གཞན་ཆོས་མེད་མཁན་ཚོ་ལ་འབྲེལ་བ་མེད། ནང་པའི་ཚན་རིག་གཙོ་བོ་དང། དེ་ནས་ནང་པའི་ཚན་རིག་དང་འབྲེལ་བའི་ལྟ་གྲུབ་འགའ་ཤས་དཔེར་ན། རྒྱུ་འབྲས་རྟེན་འབྱུང་དང་བརྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པའི་ལྟ་གྲུབ་དེ་ཚོར་ཚན་རིག་པ་ཚོའི་ནང་ནས་ཀྱང་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ལྟ་གྲུབ་དེ་ཞེ་དྲག་ཡག་པོ་ཡིན་པ་ཚན་རིག་པ་ཚོས་ཤེས་ཀྱི་འདུག གཅིག་གིས་གཅིག་ལ་བརྟེན་ནས་ཡོང་གི་ཡོད་པ་དེ་ཚན་རིག་པ་ཚོས་ཤོད་ཡོང་གི་འདུག དེ་འདྲ་ཡིན་དུས་དངོས་པོ་གཅིག་ཁོ་ན་རང་དབང་གི་གནས་ཀྱི་མེད་པ་དང་གཅིག་གིས་ གཅིག་ལ་རྟེན་ནས་ཡོང་གི་ཡོད་པ་དེ་ཚན་རིག་པ་ཚོས་མཐོང་བ་དང་ལྷག་པར་ (quantum physics) ཞེས་པ་དེའི་སྒང་ནས་བཤད་ཡོང་དུས་ནང་པ་སངས་རྒྱས་པའི་རྟེན་ཅིང་འབྲེལ་བར་བྱུང་བ་ཟེར་རྒྱུ་རྟེན་འབྲེལ་ལྟོས་གྲུབ་ཅེས་པ་ དེར་ཞེ་དྲག་དགའ་པོ་བྱེད་ཀྱི་འདུག གཙོ་བོ་ནང་པ་སངས་རྒྱས་པའི་ཚན་རིག སེམས་ཀྱི་སྐོར། དངོས་ཁམས་རིག་པ། སེམས༌ཁམས་རིག་པ། དེ་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ནང་ད་ལྟ་བཤད་མ་ཐག་པ་ལྟར་བླང་དོར་གྱི་སྐད་ཆ་ཤོད་ཀྱི་མེད་པ་དང། དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་རྒྱུ། ནང་པའི་ཆོས་ལ་སླེབས་དུས་ལྟ་གྲུབ་དེའི་རྒྱབ་བརྟེན་བཅོལ་ཏེ་ཆོས་ཀྱི་སྒང་ལ་ སླེབ་ཀྱི་ཡོད། ངོས་ཀྱིས་དེ་རིང་སྔ་དྲོ་བརྗོད་པ་བཞིན་རྒྱུ་འབྲས་རྟེན་འབྱུང་བཤད་ནས་སྡིག་སྤོང་དགེ་སྒྲུབ་བྱེད་དགོས་པ་དང། རྟེན་འབྲེལ་བཏགས་ཡོད་ཙམ་གྱི་རྟེན་འབྲེལ་དེ་འཆད་ནས་བདག་འཛིན་གྱི་འཛིན་སྟངས་འཁྲུལ་ཡོད་སྐོར་ཤོད་ཐུབ། དེ་ཆོས་སྒང་ལ་སླེབ་ཀྱི་ཡོད་པས་དེ་ཚོ་མེད་པ་བྱས་ཏེ་ལྟ་གྲུབ་ཁོ་ན་རྐྱང་རྐྱང་བཤད་ཡོང་དུས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་ཀྱི་ཡོད། ནང་ཆོས་ཀྱི་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་ཅེས་བརྗོད་དུས་ནང་པ་གཅིག་པུའི་ སྐད་ཆ་མ་རེད། དེ་འཛམ་གླིང་ཀུན་ལ་ཁྱབ་རྒྱུ་ཞིག་རེད། དེང་སྐབས་ཚན་རིག་ཅེས་བརྗོད་དུས་འཛམ་གླིང་སྤྱི་ལ་ཁྱབ་རྒྱུ་ཞིག་དང་། ད་ལྟ་འཛམ་གླིང་སྤྱི་ལ་ཁྱབ་པའི་ཚན་རིག་ནང་སེམས་ཁམས་རིག་པ་འདང་གི་མེད། སེམས་ཁམས་རིག་པའི་ཚན་རིག་མ་འདང་ས་དེར་ནང་པ་སངས་རྒྱས་པའི་འཛམ་གླིང་སྤྱི་ལ་ཞབས་འདེགས་གྲུབ་སྟེ་མ་ཚང་བར་ཁ་སྐོང་རྒྱུ་ཞིག་ང་ཚོས་ཏན་ཏན་བྱེད་ཐུབ་པ་ཞིག་ཡིན། དེ་འདྲ་ཡིན་དུས་ཚན་རིག་སྡེ་ཚན་དེ་ཟུར་དུ་ཕྱེ། ནང་པའི་ཚན་རིག་ལ་སློབ་སྦྱོང་བྱེད་མཁན་དེ་ནང་པ་བྱེད་དགོས་ཀྱི་མེད། ནང་པའི་ཚན་རིག་སློབ་སྦྱོང་བྱེད་མཁན་ནང་ལ་ནང་པར་མགོ་མ་སྒུར་བར་ཡོང་ཆོག་གི་རེད། དེ་བཞིན་ནང་པའི་ལྟ་གྲུབ་ལའང་ལྟ་གྲུབ་རིགས་འགའ་ཤས། དེ་བཞིན་དཔེར་ན་སྒྲ་རྟོག་སེལ་བའི༌འཇུག་པ་དང་། སྒྲ་རྟོག་གྲུབ་པའི་འཇུག་པ་ཞེས་པ་དེ་ཚོ་མུ་སྟེགས་པའི་གཞུང་ནང་དུའང་ཤོད་ཀྱི་ཡོད་པ་དང་ནང་པའི་གཞུང་ནས་ཀྱང་ཤོད་ཀྱི་ཡོད། མུ་སྟེགས་པས་སྒྲ་རྟོག་གྲུབ་འཇུག་ཤོད་པ་དང་ནང་པ་སངས་རྒྱས་པའི་སྒྲ་རྟོག༌སེལ་ བའི་འཇུག་པ་ཤོད་ཀྱི་ཡོད། དེ་ཚོའི་གྲས་དེ་བླང་དོར་སྐད་ཆ་མ་རེད་ལྟ་གྲུབ་ཀྱི་སྐད་ཆ་རེད། དེ་བཞིན་སྤྱི་ཤོད་སྐབས་སྤྱི་དོན་གཞན་ཤོད་སྐབས་རྟག་དངོས་ཞེས་པ་ཤོད་ཀྱི་ཡོད། ང་ཚོའི་དོན་སྤྱི་དེ་མ་ཡིན་པ་ལས་ལོག་པ་དེ་འདྲའི་ཐོག་ནས་སྤྱིའི་རྣམ་གཞག་ཤོད་ ཀྱི་ཡོད་པ་དེ་ཚོའི་གྲས་དེ་ལྟ་གྲུབ་ཀྱི་སྐད་ཆ་ཡིན་པ་དང་ཆོས་ཀྱི་སྐད་ཆ་མིན་པ་ལྟ་བུ་ཞིག་འདུག དེ་འདྲ་ཡིན་དུས་དུམ་བུ་གསུམ་དུ་དབྱེ་བ་ཕྱེ་སྟེ་བྱུང་བ་ཡིན་ན་ནང་ཆོས་ཀྱི་ཐོག་ནས་ནང་ཆོས་ཀྱི་གཞུང་ནས་གསུངས་པའི་གནད་འགག་མང་པོ་ཞིག་འཛམ་གླིང་སྤྱི་ལ་ཞབས་འདེགས་བསྒྲུབ་ཐུབ་རྒྱུ་ཞིག་ཡོང་གི་ཡོད། དེ་ཚོ་ཚང་མ་ནང་ཆོས་ཡིན་ཞེས་བརྗོད་ན་ནང་པ་མིན་པ་དེ་ཚོར་འབྲེལ་བ་མེད་པ་ལྟ་བུ་ ཆགས་ཀྱི་ཡོད། དེར་བརྟེན་དུམ་བུ་གསུམ་དུ་ཕྱེ་ཡོད། རིམ་པས་སློབ་གྲྭའི་ནང་ལ་གཙོ་བོ་སློབ་དུས་ཤེས་ཡོན་གྱི་སྡེ་ཚན་ (Academic )ནང་ལ་མ་གཏོགས་ཆོས་ཀྱི་སྡེ་ཚན་མིན་པ‘བྱས་ཏེ་སློབ་དགོས། ཤེས་ཡོན་གྱི་སྡེ་ཚན་ནང་ལ་ནང་ཆོས་ཀྱི་ཚན་རིག་དང་ནང་ཆོས་ཀྱི་ལྟ་གྲུབ་བསླབ་ཐུབ་པ་ཞིག་དགོས། ད་ལྟ་ཕན་ཆད་ལ་དཔེར་ན་ནང་པའི་ཚན་རིག་སེམས་ཁམས་རིག་པ་བསླབ་དགོས་ཞེས་བརྗོད་ན་མངོན་པ་གོང་འོག་གི་གཞུང་ལ་ལྟ་དགོས་རྒྱུ་དང་ཡང་ན་སྔགས་ཀྱི་གཞུང་ལ་ལྟ་དགོས་པ་དེ་འདྲ་འགྲོ་གི་ཡོད། ཡང་ན་རིག་པ་དྲུག་ཅུ་པའི་འགྲེལ་པ་དང། ཚིགས་གསལ་དང་ཚད་མའི་རྣམ་གཞག་དེ་ཚོའི་ནང་ལ་སླེབས་ཡོང་གི་ཡོད། ནང་པའི་ལྟ་གྲུབ་ཤོད་དགོས་བྱུང་ན་དེ་བས་ཀྱང་གཞུང་གཅིག་ལྟ་དགོས་ཀྱི་ཡོད། གཞུང་དེ་དེག་སྔ་མོ་དཔེར་ན། རྒྱ་གར་ལ་ཆ་བཞག་ནའང་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་ཟེར་དུས་མདོ་ཚང་མ་སྔོག་མ་དགོས་པར་མདོ་འདྲ་མིན་ནང་གི་བརྗོད་བྱ་སྡེ་ཚན་སྡེ་ཚན་ཕྱེ་ཏེ་ལུང་དྲངས་ཏེ་མདོ་ཀུན་ལས་བཏུས་པ་གསུངས་ཀྱི་ཡོད། དེ་བཞིན་ཐོགས་མེད་ཀྱི་མངོན་པ་ཀུན་ལས་བཏུས་པ་ཞེས་པ་དེ་མངོན་པའི་གཞུང་འདྲ་མིན་ནས་ཚུར་བཏུས། ཐེག་བསྡུས་ཞེས་བརྗོད་དུས་ཐེག་པ་མཐའ་དག་ནས་ཚུར་ཐེག་ཆེན་བསྡུས་པ་ཞེས་པ་དེ་འདྲ་ལུགས་སྲོལ་ཞིག་སྔ་མོ་ནས་བྱུང་ཡོད། བོད་ལ་དཔེར་ན། གྲུབ་མཐའ་བརྩམས་ཡོད་པ་དེ་ཚོ་དཔེར་ན། མུ་སྟེགས་པའི་གྲུབ་མཐའ་སློབ་དུས་རྟོག་གེ་འབར་བ་དང་ཚད་ཆེན་གྱི་འབྲེལ་བ་ལྟ་རྒྱུ་དེ་ཚོ་མི་དགོས་པར་དེ་ཚོའི་ནང་ནས་ཚུར་བཏུས་ཏེ་གྲུབ་མཐའ་དཔེ་ཆ་གཅིག་གི་ནང་ལ་རྒྱངས་འཕེན་པའི་གྲུབ་མཐའ་ནས་དབུ་མ་པའི་གྲུབ་མཐའ་བར་ཆ་ཚང་གླེགས་བམ་གཅིག་གི་ནང་ལ་ཡོད་པ་ཞིག་སྔ་མོ་ནས་བྱུང་ཡོད། ང་ཚོས་བསྟན་བཅོས་གསར་པ་ཞིག་བཟོས་ན་ཡག་པོ་འདུག་ཅེས་ད་ལྟ་ངོས་ཀྱི་ལས་བགོས་བརྒྱབ་ཡོད་པས་ཟླ་བ་དྲུག་ནང་ཚུན་ལ་ཕལ་ཆེར་ཚར་གྱི་རེད། “ནང་པའི་ཚན་ རིག་” ཅེས་དེབ་གཅིག དེའི་ནང་སེམས་ཁམས་རིག་པ་དེ་ཚོ་གཞུང་གང་དུ་ཡོད་ཀྱང་ཚུར་བཏུས་ཏེ་དཔེ་ཆ་ཁོ་རང་ལ་ “ནང་པའི་ཚན་རིག་” ཟེར་བ་མ་གཏོགས་གཞན་ཆོས་བྱེད་རྒྱུའི་སྐོར་གང་ཡང་མེད་པ་བྱས། གཞན་ཡང་ “ནང་པའི་ལྟ་ གྲུབ་” ཅེས་ཁོ་རང་ཁེ་གཙང་དེབ་གཅིག་བཟོ་རྒྱུའི་ལས་ཀ་ཞིག་ང་ཚོས་འགོ་བཙུགས་ཚར་བ་རེད། རིམ་པས་དེབ་དེ་དག་ཐོན་སོང་ན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གྲྭ་ཁག་ཚོའི་ནང་ལ་ནང་ཆོས་སློབ་ཁྲིད་ཅེས་མ་ཡིན་པར་ནང་ཆོས་ཀྱི་ཚན་རིག་སློབ་རྒྱུ་དང་ནང་ཆོས་ ཀྱི་ལྟ་གྲུབ་སློབ་རྒྱུ། ག་ལེར་ག་ལེར་ཁ་ཆེའི་སློབ་གྲྭ་ཚོ་ཡིན་ནའང་ནང་ཆོས་ཀྱི་ཚན་རིག་བསླབ་ཐུབ་ཀྱི་རེད། ནང་ཆོས་ཀྱི་ལྟ་གྲུབ་གང་འདྲ་བྱེད་ཡོང། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་བདེན་པ་རྟག་པ་འདོད་དགོས་དུས་ཏོག་ཙམ་མ་བདེ་བ་ཆགས་ཡོང་གི་རེད། སྔ་མོ་ངོས་ཀྱི་ངོ་ཤེས་པ་ཡེ་ཤུའི་ཆོས་པ་ཡག་པོ་ཞིག་ཡོད། ད་ལྟ་ཁོང་གྲོངས་ཚར་བ་རེད། ནང་པའི་ཆོས་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་ཡོད། ཉིན་གཅིག་སྟོང་ཉིད་སྐོར་བཤད་ཡོང་གི་འདུག དེའི་སྐོར་ཁྱེད་རང་བྱུས་གཏོགས་བྱེད་རྒྱུ་མེད་ཅེས་ངོས་ཀྱིས་བརྗོད་པ་ཡིན། དེ་ནང་པས་བྱེད་དགོས་པ་ཞིག་རེད་མ་གཏོགས་ཡེ་ཤུའི་ཆོས་པས་བྱུས་གཏོགས་མ་བྱེད་ཅེས་བརྗོད་པ་ཡིན། དེ་འདྲའི་གནས་ཚུལ་རིགས་འགའ་ཤེས་ཡོང་གི་ཡོད་པ་མ་གཏོགས་གཞན་ནང་པའི་ཚན་རིག་ཅེས་བརྗོད་ན་ཆོས་ལུགས་གཞན་དག་ཚོས་ཀྱང་ངེས་པར་དུ་ལྟ་རྒྱུ་ཡོང་གི་རེད་ལ་ལྷག་པར་རྒྱ་གར་ལྟ་བུར་ཆ་བཞག་ན་ (secular education system) དམིགས་བསལ་ཆོས་དང་མ་འདྲེས་པ་གཅིག་ཏག་ཏག་ཡོད། དེ་འདྲ་ཞིག་ཡོང་རྒྱུར་ང་ཚོས་གྲ་སྒྲིག་བྱེད་བཞིན་ཡོད། འཆར་གཞི་བཀོད་ཚར་བ་རེད། ག་ལེར་ག་ལེར་ཐོན་ཡོང་གི་རེད། དེས་ཁྱེད་རང་ཚོར་ཕན་ཐོགས་ཡོང་གི་རེད་བསམས་བྱུང། ཁྱེད་རང་ཚོ་མང་ཚོགས་རྣམས་ཀྱིས་གོ་བསྡུར་བྱེད་སྐབས་ནང་ཆོས་ཀྱི་ཚན་རིག་དང། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཆོས་ཞེས་དུམ་བུ་གསུམ་དུ་ཕྱེ་སྟེ་གོ་བསྡུར་བྱས་ན་ཡག་པོ་ཡོད། དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་གཞི་ནས་སེམས་ཀྱི་སྐོར་ལ་དོ་སྣང་བྱེད་མཁན་གསར་པ་ཞིག་སླེབས་ཡོང་གི་འདུག ལྷག་པར་འཕྲོད་བསྟེན་སྐོར་བཤད་ཡོང་དུས་ལུས་པོའི་འཕྲོད་བསྟེན། ལུས་པོའི་བདེ་ཐང་ཡག་པོ་ཡོང་བར་སེམས་ཀྱི་བདེ་ཐང་དགོས་ཀྱི་ཡོད་པ་ཞིག སེམས་ལ་དངངས་འཚབ་དང་འཇིགས་སྐྲག ཁོང་ཁྲོ་དང་དོགས་པ་ཆེན་པོ་སོགས་ཟ་རྒྱུ་བྱུང་བ་ཡིན་ན་སེམས་འཁྲུག་པ་དེས་ལུས་ཀྱི་འབྱུང་བ་འཁྲུག དེས་ལུས་མི་བདེ་བ་ཆགས་ཡོང་རྒྱུ་ཞིག་དང་། དེ་འདྲ་ཡིན་དུས་ལུས་ཀྱི་བདེ་ཐང་ཐོག་ལ་སེམས་ལྷོད་ལྷོད་དགོས་རྒྱུ་ཞེ་དྲག་གལ་ཆེན་པོ་རྩི་བཞིན་འདུག མི་སེམས་འཁྲུག་སྡོད་མཁན་དེ་རྣམས་སེམས་ལྷོད་ལྷོད་ཡོང་རྒྱུར་སྨན་ཟ་བ་དང་ཁབ་ བརྒྱབ་ནས་ཕན་རྒྱུ་མེད། བསམ་བློ་བཏང་ནས་བཟོ་དགོས་པ་ཡིན་དུས་ང་ཚོའི་དཔེ་ཆའི་ནང་ཉོན་མོངས་ཀྱི་མཚན་ ཉིད་སེམས་རབ་ཏུ་མ་ཞི་བར་བྱེད་མཁན་ཤོད་ཀྱི་ཡོད་པ་དེ་ཏག་ཏག་འདུག སེམས་རབ་ཏུ་མ་ཞི་བར་བྱེད་མཁན་གཅིག་ངོས་བཟུང་བའི་ཐོག་དེའི་ལྡོག་ཟླ་སེམས་རབ་ཏུ་ཞི་བར་བྱེད་མཁན་དེ་གང་འདྲ་ཡོད་མིན་ནང་ཆོས་གཞུང་ནང་ལ་གསལ་པོ་ཞེ་དྲག་འདུག ཐར་པ་ཐོབ་རྒྱུ་དང། སྐྱེ་བ་ཕྱི་མའི་སྐད་ཆ་གང་ཡང་མིན་པར་ཚེ་འདིའི་རིང་སེམས་སྐྱིད་པོ་ཞིག་དང་ལུས་ བདེ་པོ་ཞིག་ཡོང་རྒྱུའི་དོན་ལ་དོ་སྣང་གསར་པ་ཞིག་བྱེད་ཀྱི་འདུག ཡོངས་གྲགས་ཀྱི་མཚན་རིག་པ་སྙན་གྲགས་ཡོད་པ་སྤྱིར་སྟངས་དེ་ཚོའི་གྲས་ཀྱིས་ཆོས་ཁས་ལེན་གྱི་མ་རེད། གང་ལྟར་སངས་རྒྱས་ཀྱི་ཆོས་ནང་གི་སེམས་ཀྱི་རྣམ་གཞག་ཤོད་རྒྱུ་དེར་དམིགས་བསལ་དོ་སྣང་ཞིག་བྱེད་ཀྱི་འདུག དེར་བརྟེན་ང་ཚོའི་སེམས་ཁམས་རིག་པ་དེ་ནང་པའི་གཞུང་ནས་གསུངས་པ་དེ་དག་ང་ཚོས་ ཚུར་རུབ་རུབ་བཟོས་ཏེ་དབྱིན་ཡིག་དང་རྒྱ་ཡིག དེ་བཞིན་སྐད་ཡིག་གཞན་ལ་བསྒྱུར་རྒྱུ་དེ་འདྲ་ཞིག་བྱེད་ཐུབ་ན་རིམ་པས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་གི་རེད་བསམ་པ་བྱུང་། ཡང་ང་ཚོ་ནང་པ་ཞིག་གི་ངོས་ནས་སོ་སོ་རང་གཅེས་འཛིན་བཤད་པ་ཡིན་ན་ནང་པའི་མཚན་མཐོང་དང་དབུ་འཕང་ལའང་ཕན་གྱི་རེད། ཤེས་སོང་ངམ། དེ་དག་ཞོར་འཕྲོས་བརྗོད་འདོད་བྱུང་། བཀྲིས་བདེ་ལེགས།།