༢༠༡༠ ཟླ་ ༨ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ལྡི་ལི་གཙུག་ལག་སློབ་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐོ་སློབ་ཏུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་མགོན་པོ་གང་ཉིད་མཆོག་གིས་དེར་ཡོད་དགེ་ལས་སློབ་མ་རྣམས་ལ་བླང་དོར་བཀའ་སློབ་ཟབ་གསལ་སྩལ་ཡོད་པ་མ་ཟད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མན་མོ་ཧན་སིང་མཆོག་དང་མཇལ་འཕྲད་མཛད་དེ་དུས་ཡུན་སྐར་མ་ ༤༥ ཙམ་གྱི་རིང་དབུ་ཁྲིད་རྣམ་གཉིས་དབར་རྒྱལ་སྤྱི་དང་བོད་དོན། དེ་བཞིན་གནད་དོན་གཞན་འདྲ་མིན་ཐོག་བཀའ་བསྡུར་ལྷུག་པོ་མཛད་ཡོད་སྐོར་ལྡི་ལིའི་ནང་རྟེན་གཞི་བྱས་པའི་ལྡི་ལི་བོད་གཞུང་སྐུ་ཚབ་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་གིས་འགྲེལ་བརྗོད་གནང་ཡོད། སྐུ་ཞབས་མན་མོ་ཧང་སིང་མཆོག་རྒྱ་གར་གྱི་སྲིད་བློན་དུ་བསྐོ་གཞག་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཐེངས་ཐོག་མ་དེ་ཆགས་ཡོད།།