༢༠༡༠ ཟླ་ ༨ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཉེ་ལམ་ཆུ་རུད་ཀྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། སེམས་གསོའི་གསུང་འཕྲིན་ཡང་སྩལ་ཡོད། གསུང་འཕྲིན་ནང་འཁོད་དོན།
རྒྱ་གར་དང་པ་ཀི་སི་ཐན་ནང་ཆུ་རུད་ཀྱི་གོ་ཆག་འོག་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་རྩ་ཐོར་ཕྱིན་པར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང། ངོས་ནས་རྗེས་ཤུལ་རྣམས་ལ་སེམས་གསོ་དང་ཚེ་འདས་རྣམས་ཀྱི་ཆེད་སྨོན་ལམ་རྒྱག་རྒྱུ་ཙམ་མ་ཟད། ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་ཞལ་འདེབས་ཀྱང་ཕྲན་བུ་ཞིག་སྤྲོད་རྒྱུ་བྱུང། ཕྱོགས་མཚུངས་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ལྷོ་ཤར་མཚམས་སུ་ཡོད་པའི་འབྲུག་ཆུ་རྫོང་དུ་ས་རུད་ཤུགས་ཆེ་བྱུང་བའི་གོད་ཆག་དེའི་འོག་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་རྐྱེན་ངན་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག སྲིད་བློན་ཝུན་ཅ་པའོ་ནས་ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་གཟིགས་རྟོགས་ཆེད་འབྲེལ་ཡོད་ས་གནས་ལ་གཟིགས་སྐོར་གནང་བ་ངོས་ཀྱིས་ཤེས་བྱུང། ངོས་ཀྱིས་འབྱུང་བའི་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་རྒྱག་རྒྱུ་དང། རྗེས་ཤུལ་ནང་མི་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཆེད་ལས་པ་ཚོས་གསུངས་པར་གཞིགས་ན་སྔར་མ་གྲགས་པའི་ཆུ་རུད་དེ་འདྲ་བྱུང་བ་དང། ཨུ་རུ་སུའི་ནང་ཤིང་ནགས་ལ་མེ་སྐྱོན་ཚབས་ཆེ་ཤོར་བའི་འབྱུང་རྐྱེན་གཙོ་བོ་ནི་སྔར་མ་བྱུང་བའི་གོ་ལའི་ཚ་དྲོད་རྒྱས་པ་དང་ཁོར་ཡུག་གི་གནད་དོན་མང་པོར་ཐུག་པ་ཞིག་ཡིན་འདུག དེར་བརྟེན་ང་ཚོས་ཐུན་མོང་ཐོག་ནས་ཁོར་ཡུག་གནས་སྟངས་ཉག་ཕྲ་བོ་དེ་དག་བདག་སྲུང་བྱེད་རྒྱུར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འབད་བརྩོན་དགོས་རྒྱུ་དེ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། དེ་རིང་སྔ་དྲོ་སླར་ཡང་དམིགས་བསལ་སྨོན་ལམ་གོ་སྒྲིག་ཞུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་འབྱུང་བའི་གོད་ཆག་འོག་ཚེ་སྲོག་ཤོར་བ་དང་གོད་ཆག་འོག་དཀའ་ངལ་མྱོང་བཞིན་པའི་རྗེས་ཤུལ་ཚོར་སྨོན་ལམ་འཚོགས་སྐབས་ངོས་ཀྱང་མཉམ་ཞུགས་བྱས་ཡོད། ཅེས་གསུང་འཕྲིན་སྩལ་ཡོད།།
གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་ཕབས་སྒྱུར་ཞུས་པས་དེར་རྩ་འཛིན་ཡོང་བ་ཞུ།།