༢༠༡༠ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། ། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁུལ་གྱི་མ་ནཱ་ལི་ས་གནས་ཉེ་འདྲམ་དུ་རྟེན་གཞི་བྱས་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་འཆི་མེད་དགའ་ཚལ་གླིང་དུ་ཆིབས་སྒྱུར་སྐྱོང་སྐབས་དགོན་དེའི་དབུ་བླ་སྲས་རིན་པོ་ཆེ་མཆོག་དང་དགེ་འདུན་རྣམས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གདན་འདྲེན་ཞུས།
དགོན་དེར་གནས་གཟིགས་དང་སྦྲགས་སྲས་རིན་པོ་ཆེ་མཆོག་དང་གསུང་མོལ་ལྷུག་པོར་མཛད་རྗེས་མཎྜལ་རྟེན་གསུམ་འདེགས་འབུལ་གྲུབ་བསྟུན་དེར་བཅར་བའི་སེར་སྐྱ་མི་མང་རྣམས་ལ་བླང་དོར་གྱི་བཀའ་སློབ་ལམ་སྟོན་བཀའ་དྲིན་ཆེ་བ་ཕེབས་དོན། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད། ཧི་མཱ་ལ་ཡའི་རི་རྒྱུད་ཤར་མོན་ནས་ནུབ་ལ་དྭགས་བར་དུ་བོད་ཀྱི་སངས་རྒྱས་པའི་ཆོས་དར་བ་ཞིག་དང་གང་ལྟར་སངས་རྒྱས་པའི་ཆོས་གཅིག་གྱུར་ཡང་ཆགས་ཡོད། བོད་ཀྱི་སངས་རྒྱས་པའི་ཆོས་འདི་ངོས་རང་ཉིད་རང་དབང་ལུང་པར་འབྱོར་ཏེ་ལོ་ངོ་ ༥༡ ཕྱིན་སོང་། དེའི་རིང་ལ་ནང་པའི་རྒྱལ་ཁབ་མང་པོའི་མཁས་པ་དེ་འདྲ་མཇལ་བྱུང་། དེ་བཞིན་དགེ་སློང་འདུལ་བ་འཛིན་པ་མང་པོ་མཇལ་ཏེ་བཀའ་མོལ་ཞུ་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ཆ་ཚང་ཤོས་ཤིག་དང། དེ་ཡང་ང་ཚོའི་རྣམ་ཀུན་གསུང་རྒྱུན་ལ་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས། ཞེས་གང་ཟག་གཅིག་གིས་དུས་གཅིག་ལ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཉམས་ལེན་བྱ་རྒྱུ་ཡོད་པ་འདི་འདྲ་བོད་པར་མ་གཏོགས་མེད་པ་ལྟ་བུ་རེད།
སངས་རྒྱས་པའི་ཆོས་བོད་ནང་གཞི་རྩ་འཇོག་ས་དེ་བཀའ་འགྱུར་པོད་བརྒྱ་དང་བསྟན་འགྱུར་པོད་ཉིས་བརྒྱ་ལྷག་ཙམ་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་ཟབ་ཤོས་ཡོད། ངོས་ཀྱིས་ནམ་རྒྱུན་དུ་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ང་ཚོས་སློབ་དེབ་ལྟར་བརྟེན་ནས་སློབ་སྦྱོང་བྱ་རྒྱུ་རེད་མ་གཏོགས་དེ་ཕྱག་མཆོད་འབུལ་བྱེད་ས་དང་དུས་དུས་ལ་ཀློག་རྒྱུ་དེ་འདྲ་ཞིག་རེད་མི་འདུག་བཅས་བརྗོད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་བསྟན་པ་འདི་སློབ་དཔོན་དབྱིག་གཉེན་གྱིས་འདི་ལྟར་གསུངས་འདུག སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། ཞེས་སངས་རྒྱས་ཀྱི་དམ་ཆོས་དེ་ལུང་རྟོགས་ཀྱི་བསྟན་པ་གཉིས་ཡོད་ཅེས་ངོས་བཟུང་ནས་དེ་འཛིན་སྐྱོང་སྤེལ་གསུམ་གང་འདྲ་བྱེད་དགོས་སམ་ཞེ་ན། འདིའི་མཇུག་དེར། དེ་འཛིན་བྱས་པ་སྨྲ་བྱས་པ། སྒྲུབ་པ་བྱས་པ་ཁོ་ན་ཡིན། ཞེས་གསུངས་འདུག་པས་ང་ཚོས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱེད་དགོས། འདིར་ཆ་བཞག་ན་ཨ་པོ་རིན་པོ་ཆེ་ཞིང་གཤེགས་ཀྱི་གཙུག་ལག་ཁང་ཆུང་ཆུང་ཞིག་འདིར་ཆགས་ཡོད། འདིར་རིན་པོ་ཆེ་དང་དགེ་རྒན་ཡོད་པ་ཁྱེད་ཚོས་དུས་དུས་ལ་ནང་ཆོས་གོ་བསྡུར་བྱས་ཏེ་བགྲོ་གླེང་བྱེད་ཐུབ་ན་ཞེ་དྲག་ཕན་ཐོགས་ཡོད། བཅོམ་ལྡན་འདས་ཞལ་བཞུགས་སྐབས་རང་གི་གདུལ་བྱ་ཚོར་འདི་གསུང་གི་ཡོད། ངས་ནི་ཁྱོད་ལ་མཐར་པའི་ལམ་བསྟན་གྱིས། །མཐར་པ་རང་ལ་རག་ལས་ཤེས་པ་གྱིས། ཞེས་ངས་ནི་ཁྱེད་རང་ཚོར་མཐར་པའི་ལམ་བསྟན་ཡོད། ས་ལམ་གྱི་རྟོགས་པ་རྙེད་དང་མ་རྙེད་དེ་སོ་སོ་རང་གིས་ཐོས་བསམ་སྒོམ་གསུམ་བྱས་ཏེ་འགྲོ་དགོས་པ་རེད། ཅེས་གསུང་ཡོད། དེར་བརྟེན་དཔེ་ཆར་མགོ་གཏུགས་ནས་ཕྱག་འཚལ་ལོ་ཞེས་བྱིན་རླབས་ཐོན་རྒྱུ་མེད། དེ་བཞིན་དུ་བླ་མའི་ལག་པ་མགོ་བོར་བཞག་སྟེ་དེས་བྱིན་རླབས་ཐོན་རྒྱུ་མེད། སྔ་མོ་བོད་ཨམ་མདོར་བླ་མ་རྩ་ཆེན་བགྲེས་སོང་ཞིག་ཡོད་པ་དེ་ཡུལ་མི་ཞིག་གིས་གདན་འདྲེན་ཞུས་པ་རེད། བླ་མ་དེ་བགྲེས་སོང་ཡིན་ཙང་ང་ཡོང་ཐུབ་རྒྱུ་ཁག་པོ་རེད་ཅེས་བརྗོད་སྐབས་ཡུལ་པ་ཚོས། གཞན་གསུང་ཆོས་གནང་མ་ཐུབ་ཀྱང་ང་ཚོར་ཕྱག་དབང་བྱིན་རླབས་བྱུང་ན་འགྲིག་པ་འདུག་ཅེས་ཨུ་ཚུགས་ཀྱིས་ཞུས་པས་རྗེས་སུ་ཕེབས་པ་རེད། ཕེབས་གྲུབ་རྗེས་ཁོང་གིས་གང་བརྗོད་ཡོད་དམ་ཟེར་ན། ང་དུག་ལྡན་གྱི་ལག་པ་མགོར་འཇོག་མཁན་དེ་མིན། སངས་རྒྱས་ཀྱི་ཆོས་ངོ་སྤྲད་ནས་རྒྱུད་མ་དུལ་བ་དུལ་བ་དང་མ་ཞི་བ་ཞི་བར་བྱེད་མཁན་ཡིན་ཞེས་གསུང་ཆོས་རྒྱས་ཐག་ཆོད་གནང་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས་ཉིན་འདིའི་མཛད་རིམ་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་བཞུགས་གནས་མགྲོན་ཁང་སར་ཁེ་སིར་ཆིབས་སྒྱུར་བསྐྱངས་པ་བཅས།། །།