༢༠༡༠ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་ས་གནས་རྒྱ་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་བཙན་བྱོལ་ནང་གི་འགྲུལ་བཞུད། (Journey into Exile)ཅེས་པ་དང། ཕ་ཡུལ་ཕྱོགས་ལ་རྒྱང་ལྟ། (Long Look Homeward) ཞེས་པའི་པར་རིགས་དང་གློག་བརྙན་གྱི་ལམ་ནས་བོད་དོན་དྲིལ་བསྒྲགས་ཆེད་ས་གནས་སྐོར་བསྐྱོད་ཀྱི་ལས་གཞི་འགོ་འཛུགས་བྱས་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྐུ་མགྲོན་གཙོ་བོ་ཀར་ཎཱ་ཊ་ཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་ (MLA) སྐུ་ཞབས་རོ་ཤན་སྦེག (Roshan Baig)་མཆོག་ནས་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང། དེ་རྗེས་བཙན་བྱོལ་བོད་གཞུང་རྒྱ་གར་ལྷོ་སྤྱི་ལས་ཁུངས་ཀྱི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་ཡོད་པ་མ་ཟད། གནད་ཡོད་སྐུ་མགྲོན་ཁོར་ཡུག་སྲུང་སྐྱོབ་པ་དང་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་སུ་རེ་ཤི་ཧེབ་ལི་ཀར་ (Mr. Suresh Heblikar) ལགས་དང་། མངའ་གཞུང་གི་ཁོར་ཡུག་འབག་བཙོག་སྟངས་འཛིན་ཚོགས་ཆུང་གི་འགན་འཛིན་སྐུ་ཞབས་ས་ཌཱ་ཤི་ཝི་ཡ་ (Mr. Sadashiviah) ལགས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཀོ་ལ་སོ་ (Mr. F.D.R Colaso) བཅས་ཀྱིས་རིམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང།
ཕྱོགས་མཚུངས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཚན་པའི་ཆེད་ལས་པ་དོན་གྲུབ་སྒྲོལ་མ་ལགས་ཀྱིས་བོད་ནང་གི་ཁོར་ཡུག་གནས་སྟངས་ཇི་འདྲ་ཡོད་མེད་སྐོར་འགྲེལ་བཤད་གནང་ཡོད་པ་མ་ཟད། མང་ཚོགས་ཀྱིས་དྲི་བར་ལན་འདེབས་ཀྱང་གནང་ཡོད།
རྒྱ་གར་གྲོང་ཁྱེར་སྦེང་ལོར་ནང་བོད་དོན་དང་འབྲེལ་བའི་པར་རིགས་དང་གློག་བརྙན་འགྲེམས་སྟོན་གྱི་ས་གནས་སྐོར་བསྐྱོད་ལས་གཞི་འགོ་འཛུགས་ཉིན་དང་པོའི་སྐབས་ས་གནས་ཡུལ་མི་དང་བོད་རིགས་བཅས་ཁྱོན་མི་གྲངས་ ༡༥༠ བརྒལ་བས་དོ་སྣང་ཆེན་པོའི་ཐོག་མཉམ་ཞུགས་བྱས་འདུག
དེ་རྗེས་ཕྱི་ཚེས་ ༢༨ ནས་ ༢༩ བཅས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་གནས་སྡོད་བོད་མི་རྣམས་ལ་པར་རིགས་དང་གློག་བརྙན་གྱི་ལམ་ནས་བཙན་བྱོལ་དུ་འབྱོར་འཕྲལ་བོད་མི་རྣམས་ཀྱི་གནས་སྟངས་དང་། ད་ལྟའི་བོད་ནང་རྒྱ་ནག་གཞུང་གིས་སྲིད་བྱུས་ལག་བསྟར་འོག་སྤྱིར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཡང་སྒོས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གཏེར་དངོས་སྔོག་འདོན་དང་། བོད་ཀྱི་ཆུ་ཆེན་ཁག་ཁ་ཕྱོགས་བསྒྱུར་ཏེ་བོད་མི་ཙམ་མིན་པར་བོད་ཀྱི་ཆུ་ཆེན་ཁག་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་མི་མང་ས་ཡ་མང་པོའི་བདེ་སྡུག་ལ་ཕན་གནོད་ཇི་འདྲ་འབྱུང་མིན་དངོས་ཡོད་དཀའ་ངལ་གྱི་གནས་སྟངས་རྣམས་བཙན་བྱོལ་དུ་འཚར་ལོངས་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་མི་རབས་གསར་པ་ཚོར་གོ་རྟོགས་རྒྱ་ཆེ་སྤེལ་བཞིན་ཡོད་པ་བཅས།།